[A:༦ན]བྲག་ཏུ་བསྐལ་པ་བཟང་པོའི་སངས་རྒྱས་བྱོན་པའི་ཚུལ། ཁྱད་པར་མི་མཇེད་འཇིག་རྟེན་དུ་སྟོན་པ་ཉིད་ཇི་ལྟར་བྱོན་པའི་ཚུལ་དང་བཞི་ལས། དང་པོ་ནི་མངོན་པ་མཛོད་ལས། བསྐལ་པ་རྣམ་པ་མང་བཤད་པ། །འཇིག་པའི་བསྐལ་པ་དམྱལ་བ་ཡིས། །སྲིད་པ་མེད་ནས་སྣོད་ཟད་པ། །ཆགས་པ་དང་པོ་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །དེ་ནས་ཡར་སྐྱེ་མར་འགྲིབ་པའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང་། །ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །དེ་དག་ཚེ་ནི་བརྒྱད་ཁྲིའི་བར། །དེ་ལྟར་འཇིག་རྟེན་ཆགས་པ་འདི། །བར་གྱི་བསྐལ་པ་ཉི་ཤུ་གནས། །ཆགས་པ་དང་ནི་འཇིག་པ་དང་། །ཞིག་ནས་འདུག་པ་དག་མཉམ་མོ། །དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །ཞེས་པ་ལྟར་དང་། འཇིག་ཚུལ་ཡང་། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་པ་ལྟར་འཇིག་ཆགས་ཀྱི་བསྐལ་པ་དྲུག་ཅུ་རྩ་བཞི་ཟོ་ཆུན་གྱི་རྒྱུད་ལྟར་འཁོར་བ་མཐའ་མེད་དུ་འཁོར་བའི་ཚུལ་གསུངས་པ་དང་། དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །དེ་གྲངས་མེད་གསུམ་ལ་སངས་རྒྱས། །འབྱུང་ངོ་མར་ནི་འགྲིབ་པ་ཡིས། །བརྒྱ་ཡི་བར་ལ་དེ་དག་འབྱུང་། །རང་སངས་རྒྱས་རྣམས་གཉིས་ཀ་ལ། །བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །འཁོར་ལོས་བསྒྱུར་རྒྱལ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་མཆི། །གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་བཞི་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་