[A:༦༧ན]སོགས་ཡོད་པར་ཡང་བཤད་ལ། དྲིལ་བུ་གཞུང་ཆུང་དུ་གྲགས་པ་ཞིག་ཡོད་པ་ནི་པུ་ཧྲང་ལོ་ཆུང་གིས་མཛད་ཀྱི། གྲུབ་ཆེན་འདིའི་མ་ཡིན་པར་བཤད། རྫོགས་རིམ་རིམ་ལྔ་ལ་འགྲེལ་པ་ཞིག་ཡོད་པ་ནི། བུ་སྟོན་གྱིས་རང་འགྲེལ་དུ་བཤད་ཀྱང་། འགྲེལ་པ་དེར་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་དབྱེར་མ་ཕྱེད་པར་བཤད་པ་དང་། བསམ་མི་ཁྱབ་ཀྱི་སྐབས་ཀྱི་ལྷའི་སྐུ་བརྫུས་སྐྱེས་བཞིན་ས་བོན་མེད་པར་བསྐྱེད་རྒྱུ་ལ། དེར་ཧཱུྃ་དང་ཐིག་ལེས་བསྐྱེད་པར་བཤད་པ་སོགས་ནོར་བ་མང་བས་རང་འགྲེལ་མིན། དོན་ཡོད་རྡོ་རྗེ་བྱ་བས་མཛད་པ་ཡིན་ཞེས་པ་ཡིག་ཆ་འགའ་ཞིག་ལས་འབྱུང་ངོ་། །དེའི་རྗེས་སུ་གྲུབ་ཆེན་ནག་པོ་སྤྱོད་པས་རྡོ་རྗེའི་རྩ་རྒྱུད་བདེ་མཆོག་ཉུང་ངུ་དང་། བཤད་པའི་རྒྱུད་ཧེ་རུ་ཀ་མངོན་འབྱུང་། རྡོ་རྗེ་མཁའ་འགྲོ་སྟེ་གསུམ་དང་། བླ་མའི་མན་ངག་ལ་བརྟེན་ནས་དང་པོར་སྦྱིན་བྱ་བཞི་སྦྱིན་པར་བྱེད་པ་ལ་དཀྱིལ་འཁོར་གྱི་ཆོ་ག་མཛད། དེ་ནས་བསླབ་བྱ་རིམ་པ་གཉིས་ལ་སློབ་པ་ལ། བསྐྱེད་རིམས་གྱི་དབང་དུ་བྱས་ཏེ། རྩ་རྒྱུད་དང་། ཨ་བྷི་དྷ་ན་དང་། རྡོ་རྗེ་མཁའ་འགྲོ་ལ་བརྟེན་ནས་ལྷ་མ་གྲུབ་པ་གྲུབ་པར་བྱེད་པ། ཏིང་ངེ་འཛིན་གསུམ་མམ་བསྙེན་བསྒྲུབ་བཞིའི་བསྡུས་པའི་སྒྲུབ་ཐབས་ནག་པོ་མངོན་རྟོགས་མཛད། ཐུན་མོང་གི་དངོས་གྲུབ་ལ་དགོངས་ནས། རྩ་རྒྱུད་དང་། སམྦུ་ཊི་དང་། རྡོ་རྗེ་མཁའ་འགྲོ་ལ་བརྟེན་ནས་གྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པའི་ཐབས་སྦྱིན་སྲེག་གི་གཞུང་མཛད་ཅིང་། ཡང་རྫོགས་རིམ་གྱི་དབང་དུ་བྱས་ནས་གཞུང་གསུམ་མཛད་པ་ཡིན་ཏེ། གསུམ་དུ་མཛད་པའི་རྒྱུ་མཚན་ཡང་། རྣལ་འབྱོར་