R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༦བ
[A:༦༦བ]གྲུབ་ཤེས་རབ། འབྲི་ཕྱ་རུ་བ། ཡར་ལུང་པ་ལྷ་རྗེ་དཔལ་གྱི་རྒྱལ་མཚན་སོགས་བདེ་མཆོག་ལ་མཁས་པ་མང་དུ་བྱུང་ཞིང་། པུ་ལུགས་འདི་རྗེ་བཙུན་ས་སྐྱ་པ་ལ་ཡང་ཚང་བར་བཞུགས་སོ། །གཉིས་པ་བྱེ་བྲག་ཏུ་གསང་མཐའི་ལམ་སྲོལ་བྱུང་ཚུལ་ནི། རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་དང་། བཤད་རྒྱུད་མངོན་བརྗོད་བླ་མ་སོགས་ལྔ་པོ་སྦྲེལ་ནས་འཆད་པའི་ལམ་སྲོལ་དེ་ཉིད་དེ། དེ་ཡང་ཐོག་མར་གྲུབ་ཆེན་ལཱུ་ཧི་པས་རྣལ་འབྱོར་མ་ཀུན་སྤྱོད་དང་། མངོན་བརྗོད་བླ་མ་ལ་བརྟེན་ནས་རིམ་གཉིས་སྤྱོད་པ་དང་བཅས་པའི་སྒྲུབ་ཐབས་དཔལ་མངོན་པར་རྟོགས་པ་ཞེས་བྱ་བ་མཛད། དེའི་འགྲེལ་པ་དང་། ཕྱི་རོལ་མཆོད་པའི་ཆོ་ག ལག་མཆོད། གཏོར་མའི་ཆོ་ག་དང་བཞི་པྲཛྙཱ་རཀྵི་ཏས་མཛད་པ་དེ་བཞི་དང་། རྩ་བ་གྲུབ་ཆེན་ཉིད་ཀྱིས་མཛད་པའི་དཔལ་མངོན་པར་རྟོགས་པ་དང་ལྔ་ལ་ལཱུ་ཧི་པའི་སྨད་ལྔར་གྲགས། གཞན་ཡང་བྷུ་ཏི་པས་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས། ཁ་ཆེ་རིན་ཆེན་རྡོ་རྗེའི་བཀྲ་ཤིས། ལྭ་བ་པའི་འགྲེལ་པ་ནག་ཚོའི་འགྱུར། སློབ་དཔོན་ལྷས་སྦས་ཀྱི་འགྲེལ་པ་འགོས་འགྱུར། པཎྜི་ཏ་སུ་མ་ཏི་ཀིཏྟིའི་འགྲེལ་པ་ཉུང་ངུའི་མཚམས་སྦྱོར་ལ་སོགས་པ་རྣམས་ཀྱི་ལུགས་སྲོལ་འདི་དང་མཐུན་པའི་འགྲེལ་པར་བཤད་ལ། ལཱུ་ཧི་པའི་རྗེས་སུ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་རྩ་བཤད་ཀྱི་རྒྱུད་དྲུག་ཆ་ལ་བརྟེན་ནས་ལུས་ཀྱི་དཀྱིལ་འཁོར་གྱི་ཆོ་ག ལུས་དཀྱིལ་སྒྲུབ་ཐབས། རྫོགས་རིམ་རིམ་པ་ལྔ་པ་རྣམས་མཛད་དེ། དེ་གསུམ་ལ་དྲིལ་བུ་སྐོར་གསུམ་དུ་གྲགས་སོ། །གཞན་ཡང་བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་