R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༨ན
[A:༦༨ན]པའི་སྦྱིན་སྲེག་ཆོ་ག་ནི། །སྤྱོད་པ་པ་ཡིས་མཛད་ཅེས་གྲགས། །དེ་ཡིས་ངེས་པར་མ་མཛད་པ། །ཆོ་ག་དེ་ཉིད་ཀྱིས་རབ་བསྟན། །ཅེས་གསུངས་ནས། ཇི་ལྟར་བསྟན་ཚུལ་ཡང་། ཛྙཱ་ན་སིདྷིས་བཤད་པ་ཡི། །གདམ་ངག་རིམ་པ་ལ་བརྟེན་ནས། །ཞེས་ཡེ་ཤེས་ཞབས་ཀྱི་རྗེས་འབྲངས་སུ་བཤད་པས་སོ། །དེས་ན་པདྨ་དབྱངས་ཀྱི་སྦྱིན་སྲེག་བཞིན་བྱེད་དགོས་ཤིང་། གཞུང་དྲུག་ལ་ཡི་གེ་དྲུག་པའི་སྒྲུབ་ཐབས་བགྲང་དགོས་ཞེས་གསུངས། དེ་ལ་རང་ལུགས་ཀྱི་མཁས་པ་དག་གིས། དེ་ལྟར་ན་གཞུང་འདིར་ཡེ་ཤེས་ཞབས་ལུགས་དང་མཐུན་པའི་སྦྱིན་སྲེག་གི་རྣམ་གཞག་འབྱུང་དགོས་པ་ལས་དེ་མེད་པ་དང་། ཁྱད་པར་ཛྙཱ་ན་སིདྷི་ཞེས་པའང་ནག་པོ་པའི་བླ་མ་ཛྙཱ་ན་གྲུབ་པ་ཞེས་པ་དང་། ཛ་ལནྡྷ་རར་གྲུབ་པ་བརྙེས་པས་ཛ་ལནྡྷ་ར་པ་ཞེས་ཡུལ་གྱི་མིང་བཏགས་པ་དེ་ཡིན་པས་ཛྙཱ་ན་སིདྡྷིས་བཤད་པ་ཡི། །ཞེས་པས་ནག་པོ་པས་མཛད་པ་མ་ཡིན་པ་མི་འགྲུབ་ཡིན་པར་འགྲུབ་གསུངས་སོ། །དེ་ལྟར་ན་འཕགས་ཡུལ་དུ་གསང་མཐའི་ལམ་སྲོལ་གྱི་གཙོ་བོ་ནི། ལཱུ་ནག་དྲིལ་གསུམ་པོ་དེ་དག་ཡིན་ལ། ལམ་སྲོལ་དེ་ལྟ་བུ་བོད་གངས་ཅན་འདིར་བྱུང་ཚུལ་ནི། རྗེ་བཙུན་ན་རོ་ཏ་པའི་སློབ་མ་ཕམ་ཐིང་པ་སྐུ་མཆེད་བཞི་ལས། བར་བ་གཉིས་ལ་ཀློག་སྐྱ་ཤེས་རབ་རྩེགས་དང་། མལ་ལོ་ཙཱ་བ་གཉིས་ཀྱིས་གཏུགས། བླ་ཆེན་མལ་ལོ་ལ་རྗེ་བཙུན་ས་སྐྱ་པ་ཆེན་པོ་དང་། གཉན་ཕུལ་ཆུང་པ་གཙུག་ཏོར་རྒྱལ་པོ་གཉིས་ཀྱིས་གཏུགས་ཤིང་། གཉན་གྱིས་སུ་མ་ཏི་ཀིརྟི་ལ་ཡང་རྩ་རྒྱུད་གསན་ལ། བླ་ཆེན་མལ་གྱིས་རྩ་རྒྱུད་ལ་མཆན་དང་། ས་ཆེན་