R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤བ
[A:༤བ]བཞི་པ་འོད་དཔག་མེད་ཀྱི་རིགས་ཀྱི་རྒྱུད་ནི་ཀུ་རུ་ཀུལླེའི་རྟོག་པ་དང་། རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་རྣམས་སོ། །ལྔ་པ་དོན་ཡོད་གྲུབ་པའི་རིགས་ཀྱི་རྒྱུད་ལ། མགོན་པོ་མངོན་འབྱུང་དང་། སྒྲོལ་མ་བླ་མེད་ཀྱི་རྒྱུད་དང་། ཕུར་པ་རྩ་དུམ་དང་གསུམ་ལས། དང་པོ་ལ་པཎྜི་ཏ་ས་མནྟ་ཤྲིའི་སྒྲུབ་དཀྱིལ་དང་། དབང་བཀའ་རོང་པ་ལས་བརྒྱུད་པ་ཡོད་པར་བཤད་དོ། །གཉིས་པ་ལ་ཉི་མ་སྦས་པས་སྒྲོལ་མ་ལྷ་ཉི་ཤུ་རྩ་གཅིག་སོ་སོའི་སྒྲུབ་ཐབས་དང་། སྤྱིའི་སྒྲུབ་ཐབས། ཉི་ཤུ་རྩ་གཅིག་ལུས་ལ་བཀོད་པ་ལུས་དཀྱིལ་གྱི་སྒྲུབ་ཐབས། ལྷ་བཅུ་གཉིས་མའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་རྣམས་ཡོད་པར་གསུངས་སོ། །དྲུག་པ་རྡོ་རྗེ་བདུད་རྩིའི་རིགས་ཀྱི་རྒྱུད་ནི། ཇི་བཞིན་མཉེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པའོ། །རྣལ་འབྱོར་གསང་མཐའི་རྒྱུད་ནི། རྩ་རྒྱུད་རྒྱས་པ་ནམ་མཁའ་དང་མཉམ་པ་ལེའུ་འབུམ་པ་དང་། འབྲིང་པོ་ཤོ་ལོ་ཀ་འབུམ་པ། རྩ་རྒྱུད་བསྡུས་པ་ལེའུ་ལྔ་བཅུ་རྩ་གཅིག་པ་དང་། དེ་དག་གི་བཤད་རྒྱུད་ཧེ་རུ་ཀ་མངོན་འབྱུང་། རྡོ་རྗེ་མཁའ་འགྲོ། རྣལ་འབྱོར་མ་ཀུན་སྤྱོད་སམྦུ་ཊི། ངེས་བརྗོད་བླ་མ་རྣམས་ཡིན་ལ། འཁོར་ལོ་བདེ་མཆོག་གསང་མཐའ་བའི་སྐབས་འདིར་བཤད་རྒྱུད་ལྔ་པོ་དེར་ངེས་པ་ཡིན་ནོ། །སློབ་དཔོན་སྐར་རྒྱལ་ཟླ་བའི་འགྲེལ་པར། འབྱུང་དང་མཁའ་འགྲོ་ཀུན་སྤྱོད་དང་། །ཁ་སྦྱོར་རྒྱུད་དང་བླ་མ་སྟེ། །བཤད་རྒྱུད་རྣམ་པ་ལྔར་འདོད་དོ། །ཅེས་གསུངས་པ་དང་། རྒྱུ་མཚན་གཞན་ཡང་འདིའི་ལུགས་ཀྱི་ཉམས་ལེན་གྱི་གཙོ་བོ་བསྡུ་ན། སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་ལས། སྨིན་བྱེད་ཀྱི་དབང་ནི་རྩ་རྒྱུད་ལས་ཅུང་ཟད་བཤད་ཅིང་། གསང་མཐའ་བའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་གྱི་ཆོ་ག་ནི་ཧེ་རུ་ཀ་མངོན་འབྱུང་གིས་སྟོན། གྲོལ་བྱེད་བསྐྱེད་པའི་རིམ་པ་ནི་རྩ་རྒྱུད་ལས། བ་གླང་ལྷས་ཀྱི་སྟེང་ལྡིང་དང་། །ལྷག་མ་སྐོམ་བྱེད་རྩ་གནས་སོ། །ཞེས་པས་འབྱུང་བ་ལུགས་ལྡོག་གི་མངོན་རྟོགས་བསྟན། ཡང་ན་རུས་སྦལ་དག་གི་སོ། །ཞེས་པས་འབྱུང་བ་ལུགས་འབྱུང་གི་མངོན་རྟོགས་བསྟན་ཅིང་། འདི་གཉིས་ཀྱི་མིང་གི་རྣམ་གྲངས་གཞན་ཡང་། ཨ་བྷི་དྷ་ལས། མངལ་སྐྱེས་ཀྱི་མངོན་པར་རྟོགས་པ་དང་། སྒོང་སྐྱེས་ཀྱི་མངོན་པར་རྟོགས་པ་ཞེས་གསུངས་ལ། དེ་གཉིས་ཀྱི་ཁྱད་པར་ཡང་། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡིས། །སྒྲ་དང་སྒྲ་མིན་རྣམ་པར་བརྟག །སྒོང་