R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤ན
[A:༤ན]ལྟར། འདོད་ཆགས་ལམ་དུ་བྱེད་པ་གསང་བ་འདུས་པའི་སྐོར། ཞེ་སྡང་ལམ་དུ་བྱེད་པ་གཤིན་རྗེ་གཤེད་ཀྱི་སྐོར། གཏི་མུག་ལམ་དུ་བྱེད་པ་རྣམ་སྣང་སྒྱུ་དྲའི་སྐོར་དང་གསུམ་དུ་ཡོད་དོ། །མ་རྒྱུད་ལ་ནི། རྒྱུད་སྡེ་སྒོ་དྲུག་ཏུ་ཡོད་པར་བཤད་པའི། དང་པོ་ཧེ་རུ་ཀའི་རིགས་ཀྱི་རྒྱུད་ནི། ཀྱཻ་རྡོར་གྱི་རྒྱུད་རྣམས་དང་། སངས་རྒྱས་ཐོད་པ་དང་། མ་ཧཱ་མཱ་ཡ་ལ་སོགས་པ་རྣམས་ཡིན་ལ། རྒྱུད་སྡེ་བཞིར་འབྱེད་པའི་ཚེ་གསང་མཐའི་རྒྱུད་རྣམས་ཀྱང་འདིའི་ཁོངས་སུ་གཏོགས་སོ། གཉིས་པ་རྣམ་སྣང་གི་རིགས་ཀྱི་རྒྱུད་ནི། མི་གཡོ་བླ་མེད་ཀྱི་རྒྱུད་དང་། རྡོ་རྗེ་གདན་བཞིའི་རྒྱུད་དང་། དེའི་བཤད་རྒྱུད་མནྟྲ་ཨཾ་ས་སྟེ་ཐམས་ཅད་གསང་བའི་རྒྱུད་རྣམས་སོ། །གསུམ་པ་རིན་འབྱུང་གི་རིགས་ཀྱི་རྒྱུད་ནི། རྡོ་རྗེ་བདུད་རྩིའི་རྒྱུད་དེ། འདི་ལ་ཕྲེང་བར། རྡོ་རྗེ་བདུད་རྩི་རྩ་བའི་དཀྱིལ་འཁོར་དངོས་སུ་བཤད་ཅིང་། རྡོ་རྗེ་བདུད་རྩི་འཁྱིལ་བ། རྡོ་རྗེ་བདུད་རྩི་ཁྲོ་བོ་སྟེ་གསུམ་དུ་ཡོད་པར་རྒྱུད་ལས་གསུངས་སོ། །