[A:༡༨༢ན]བཞེས། དེའི་གྲྭ་པ་རྣམས་ངོ་མཁྱེན་པ་སོགས་ཆུང་ངུ་ནས་བྱིས་པའི་སྤྱོད་པ་ལས་འདས། བསླབ་པའི་གནས་དང་སྒྱུ་རྩལ་ཚེགས་ཆུང་ངུས་མཁྱེན། བླ་མ་འདི་དང་འགྲོ་མགོན་ཕྱག་ན་སྟེ་སྐུ་མཆེད་གཉིས་ཀས་སྒོ་རུམ་གྱི་ཉི་ཟེར་ལ་ན་བཟའ་དང་འཁོར་གསུམ་བཀལ། ཀུན་གྱིས་འདི་ནི་འཕགས་པའོ་ཞེས་བསྒྲགས་པས་འཕགས་པར་གྲགས། དགུང་ལོ་གསུམ་པ་ལ་སྒྲུབ་ཐབས་མཚོ་སྐྱེས། བརྒྱད་པ་ལ་སྐྱེས་རབས། དགུ་པ་ལ་བརྟག་གཉིས་ཐུགས་ལས་གསུངས། ཚོགས་པ་ཐམས་ཅད་ཤིན་ཏུ་ངོ་མཚར། དེ་ལྟར་ན་སྐྱེས་སྟོབས་ཀྱི་ཐུགས་རབ་ནི་ཆོས་རྗེ་ལས་ཀྱང་ལྷག་པར་མཁས་པ་རྣམས་ལ་གྲགས་སོ། །བཅུ་པ་ལ་ཆོས་རྗེའི་ཕྱག་ཕྱིར་གོང་དུ་བྱོན་པའི་མར་ལམ་ཟུལ་ཕུར། ཆོས་རྗེ་པས་མཁན་པོ། ཟུལ་ཕུ་བ་ན་བཟའ་འཕྲད་གསོལ་དུ་གྲགས་པ་ཆོས་དབང་བས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། སྐྱོར་མོ་ལུང་པ་ཤེས་རབ་སེང་གེ་ལ་ཀཱ་རི་ཀཱ་