[A:༡༨༤ན]ས་ཐམས་ཅད་ལ་རང་རང་གི་ཆོས་ལུགས་ལ་འབད་པ་ཐོན་གསུངས་པ་ཤ་སྟག་ཡོད་པས་དབང་སྤུས་ཤིན་ཏུ་བཟང་བ་ཡིན་ནོ། །རྒྱ་ནག་གི་ཆོས་ལུགས་ལོག་པར་སྤྱོད་པའི་ཟིན་ཤིང་སྟོན་པ་བཅུ་བདུན་བསྟན་པ་ལ་ཤིན་ཏུ་སྡང་བར་ཡོད་པ་རྣམས་ནི་རིགས་པ་རྣམ་དག་གིས་བཏུལ་ནས་བསྟན་པ་ལ་བཙུད། རྒྱ། ཧོར། འཇང་། ཡུ་གུར། མི་ཉག་ལ་སོགས་པའི་སྐལ་ལྡན་སྣོད་དུ་རུང་བ་རྣམས་ལ། རབ་བྱུང་བསྙེན་རྫོགས་ལོ་རེའི་ནང་དུ་སྟོང་ཕྲག་རེ་ཙམ་རང་གིས་གནང་བ་དང་། མཁན་པོ་འདུལ་འཛིན་ཆོས་མགོན་ཞེས་བྱ་བ་སྨན་རྩེའི་ཡུལ་དུ་བརྫངས་ནས། དེས་ཀྱང་རབ་བྱུང་དགུ་བརྒྱ་ཙམ་དང་། རྗེ་ཉིད་ཀྱིས་གནང་བ་སྔ་རྟིང་དྲིལ་བ་ལ་བཞི་སྟོང་བཞི་བརྒྱ་ཉེར་ལྔ་མཛད་དེ། རྒྱ་ནག་གི་རྒྱལ་ཁམས་རབ་བྱུང་གིས་གང་བར་མཛད་དོ། །དེ་ནས་དགུང་ལོ་ཉེར་བརྒྱད་པ་ཆུ་ཕོ་ཁྱི་ལ་ཆ་རྐྱེན་མང་དུ་བསྐུར་བར་མཛད་པ་རྣམས་ལ་བརྟེན་ནས། དཔོན་ཆེན་ཤཱཀྱ་བཟང་པོས་དབུ་རྩེ་སྒོ་གསུམ་གསེར་ཐོག་ཆེན་མོ་དང་