[A:༢༠བ] སུ་ཆུག་ཅེས་གསུང་སྐད་ཆེན་པོས་ལན་གསུམ་གསུང་གིན་སྣང་། ཕྱིས་ཞག་གསུམ་སོང་དུས། འཇིགས་མེད་ཟེར་བའི་སྤྱི་པ་གཅིག་འདུག་པ་དེ་ལ། ཆུ་འོག་པའི་མི་གཅིག་ན་རེ། ཁྱེད་ཀྱི་གཡག་བོར་བ་དེ་ངེད་ཁ་ཅིག་གིས་རྙེད་ཡོད་པས་འབུལ་ཟེར། གཏམ་མང་དུ་བྱས་པས། བླ་མའི་བྱིན་རླབས་དང་། ཆོས་སྐྱོང་གི་གཏོར་དབང་དགོས། ཕྱིས་ཆོས་སྐྱོང་གིས་གནོད་པ་མི་འོང་བའི་སྲུང་འཁོར་དགོས་ཟེར་ནས་གཡག་བདུན་ག་བསྐྱལ་ཡོད་འདུག་པས། ཆོ་འཕྲུལ་འགའ་ཞིག་བྱུང་བར་སྣང་ངོ་། །དབོན་པོ་ཤེས་རབ་སེང་གེ་ལ་ཁོང་ནད་མཐུག་པོ་ཞིག་ཡོད་པ་ལ་གཅོད་ཀྱི་དམིགས་པ་འདྲ་བྱེད་དུ་བཅུག་པས་ཆེར་མ་ཕན་པ། འབྱུང་པོ་གཅིག་གི་བར་ཆད་ཞིག་ཡིན་པ་འདྲ། གུར་མགོན་གྱི་རྗེས་གནང་ཞིག་ཞུས་གསུངས། ཉི་ཤུ་དགུ་གཅིག་ལ་ཞུས་པས། བཀའ་བསྒོ་བྱེད་པའི་དུས་སུ་འདིའི་བར་ཆད་ཞི་བར་གྱིས་གསུངས་པའི་ཚེ་མུས་ཉམས་བྱུང་སྟེ། རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་བཞིན་པ་ལ་གཏོར་།