[A:༢༣བ]ཉམས་པར་བྱས། ནག་པོ་ཡང་གནོད་སྦྱིན་གྱི་གཟུགས་འཇིགས་སུ་རུང་བ་མཆེ་བ་ཟངས་ཡག་ཏུ་གཙིགས་པ་གཅིག་ཏུ་གྱུར་ཏོ། །དེ་ནས་འོད་ཟེར་ཅན་དེ་ཛམྦུ་གླིང་དུ་ཉ་པའི་རིགས་ཞིག་ཏུ་སྐྱེས་སོ། །དེས་ཀྱང་སྔར་གྱི་བག་ཆགས་དང་། ལས་དབང་གིས་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་གསུམ་བརྩེགས་དང་ཉེ་བར། ལྷ་མ་ཡིན་གྱི་གྲོང་ཁྱེར་གསུམ་བརྩེགས་དང་འདྲ་བའི་ཁང་པ་གསུམ་བརྩེགས་བྱས་ནས། དེར་གནས་ཏེ། དབང་ཕྱུག་ཆེན་པོས་སྔར་བཞིན་ཐུན་མོང་གི་དངོས་གྲུབ་ཀྱང་སྦྱིན་ནོ། །དེར་དྲག་པོ་ནག་པོ་ཡང་ལས་ཀྱི་སྟོབས་ཀྱིས་ཛམྦུའི་གླིང་གི་གྲོང་ཁྱེར་གསུམ་བརྩེགས་དང་ཉེ་བ་དུར་ཁྲོད་སོ་སིའི་གླིང་དུ་བབས་ནས། དུར་ཁྲོད་ཀྱི་འཇིགས་བྱེད་ཕོ་མོ་ཐམས་ཅད་དང་། ཤ་ཟ་དང་། སྲིན་པོ་དང་། གནོད་སྦྱིན་དང་། མ་མོའི་ཚོགས་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་འཁོར་དུ་བསྡུས་ནས། གྲོང་ཁྱེར་གསུམ་བརྩེགས་པ་