[A:༥༡ན] གནས་དེ་ཉིད་དུ་བརྟན་པར་བཞུགས་སོ། །དེ་ནས་ཐ་མལ་གྱི་གསུང་བཅད་དེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཏེ། སྤྱན་གཉིས་ནམ་མཁར་ལྟ་སྟངས་ཀྱི་ངང་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་མངོན་སུམ་དུ་བཞུགས་པ་ལ་གཟིགས་བཞིན་པ་དང་བཅས་ཉེར་བཞིའི་ཐུན་ཐ་མ་ལ་ཕྱོགས་པ་ཙམ་ན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཅིང་། དེ་དག་གི་སྐབས་རྣམས་སུ་ནམ་མཁའ་ལ་མེ་ཏོག་གི་ཆར་དང་། འཇའ་འོད་ཀྱི་གུར། སྒྲ་རོལ་མོ་སོགས་ཀུན་གྱིས་མཐོང་ཞིང་ཐོས་པས། ཐམས་ཅད་དད་པའི་སྤུ་ལོང་རབ་ཏུ་གཡོས་པར་གྱུར་ཏོ། །ཡང་ས་སྐྱ་པའི་ཆོས་སྐྱོང་སྐོར་གྱི་བསྟན་པ་ལ་མཆོག་ཏུ་བཀའ་དྲིན་ཆེ་བའི་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱི་སྙན་བརྒྱུད་གདམས་པའི་བཀའ་བབ་རྗེ་རྡོ་རིང་པ་ཆེན་པོ་ཀུན་སྤང་ཆོས་ཀྱི་ཉི་མ་ཉིད་ལ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་ཞལ་བསྟན་ཅིང་འཕྲིན་ལས་སྒྲུབ་པ་སོགས་ངོ་མཚར་བའི་རྣམ་ཐར་