[A:༧༢བ] ཟེར་བའི་བུད་མེད་བོང་བུའི་རྣ་བ་ཡོད་པ་གཅིག་གིས་གཙོ་བྱས་མང་པོ་བྱུང་ནས། འདི་ལ་བཀའ་རྒྱ་ཞིག་ཀྱང་གྱིས། བསྟན་པ་ངེད་རང་གིས་བསྲུང་ཟེར་བ་བྱུང་། ཞེས་རྗེ་ཉིད་ཀྱི་ཕྱག་བྲིས་དངོས་བཤུས་ལས་ཇི་ལྟར་བྱུང་བ་བཞིན་བཀོད་པ་ཡིན་ལ། ཡང་རྗེ་ཉིད་ལ་དད་གུས་དང་ལྡན་པའི་བུ་སློབ་སྦྱིན་བདག་ཚུན་ཆད་ལ། འདི་ཕྱི་བར་དོ་སོགས་བྱང་ཆུབ་བར་དུ་བཀའ་སྲུང་རྣམས་ཀྱིས་སྲུང་སྐྱོབ་མཛད་པའི་ཚུལ་ནི། སྔ་མོའི་དུས་ཤིག་གནས་གསར་པའི་སྡེ་པ་ནམ་མཁའ་བ་འདའ་ཁར་རྗེ་ཉིད་སྤྱན་དྲངས་ཏེ། རེ་ལྟོས་འཆོལ་བའི་ཞུ་ཆ་ཕུལ་བ་ན་ཐུགས་རྗེ་རབ་ཏུ་གཡོས་པའི་སྡིག་བཤགས་སྨོན་ལམ་སོགས་ཀྱི་སྒོ་ནས་ཐུགས་དམ་སྐྱབས་འོག་རྩེ་གཅིག་པ་དང་། ལྷག་པར་རྗེ་རྡོ་རིང་པ་ལ་ཡུས་དང་བཅས་པའི་གསོལ་འདེབས་དྲག་ཏུ་མཛད་པས། ནུབ་གཅིག་འོད་གསལ་གྱི་ངང་དུ་རྗེ་རྡོ་རིང་པ་བྱོན་པའི་གསུང་ལས། སྡེ་པ་ཚེ་འདས་ཁོང་བདག་ཆེན་རྡོ་རྗེ་འཆང་སློབ་བརྒྱུད་དང་བཅས་པ་ལ་ཤིན་ཏུ་མོས་