[A:༢༨ན]དཔལ་ཞེས་བྱ་བར་སངས་རྒྱས་ཤིང་། དེའི་ཁོལ་མོ་རེ་མ་ཏི་ནི་ཞིང་ཁམས་དེར་བྱང་ཆུབ་སེམས་དཔའ་བློ་གྲོས་བཤེས་གཉེན་ཞེས་བྱ་བར་འགྱུར་བར་བཤད་དོ། །ཞིང་འདིར་བསྟན་པའི་སྲུང་མར་གྱུར་པའི་ཚུལ་ནི། མགོན་པོའི་ལོ་རྒྱུས་སུ་བཤད་པ་ལྟར། ལྷ་དབང་ཕྱུག་ཆེན་པོ་དང་། ལྷ་མོ་ཨུ་མ་དེ་ཝའི་བུ་ཚ་མིང་སྲིང་དུ་གྱུར་པའི་སྲིང་མོ་ལྷ་མོ་ཙ་མུནྟྲི་ཞེས་བྱ་བར་གྱུར་ནས། ལྷ་མ་ཡིན་ཐམས་ཅད་བསད་ཅིང་ཕམ་པར་བྱས་པའི་སྒྲིབ་པ་སྦྱོང་བའི་སླད་དུ། རི་ཁྲོད་ཆེན་པོ་མདའ་དགའ་བ་ཞེས་བྱ་བར། ཤིང་རི་ཁྲོད་ཅེས་བྱ་བའི་ལོ་མ་གོས་སུ་གྱོན་ནས། ལོ་བདུན་འཕགས་པ་མི་ཕམ་པའི་གཟུངས་བཟླས་པས། ལྷ་མོ་པརྞ་ཤ་བ་རི་རི་ཁྲོད་ལོ་མ་ཅན་ཞེས་བྱ་བར་གྲགས། རྒྱུ་མཚན་དེས་ན་ལྷ་མོའི་བསྟོད་པར། མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་མཛད། །ཅེས་གསུངས་པ་ལྟར། ཞི་བའི་ཚུལ་འཛིན་པ་རི་ཁྲོད་ལོ་མ་ཅན་