[A:༡༨༧ན] དྲུག་སོགས་ཀྱིས་བྱིན་གྱིས་རློབ་པ་ནི། སངས་རྒྱས་སྤྱན་ནས་བརྒྱུད་པའི་མདོས་ཀྱི་བསྐང་བཟློག་ལས་བཤད་དེ། དེ་ཉིད་ལས། གཏོར་མདོས་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་འདོད་ཡོན་ལྔར་བྱིན་གྱིས་བརླབས་ཏེ། ཞེས་གསུངས་པའོ། །འདིའི་ཕྱག་ལེན་ནི་ཆབ་གཏོར་ཀླུ་གཏོར་སོགས་ན་གསལ་བར་ཡོད་ཅིང་། ངོར་ཨེ་ཝྃ་ཆོས་ལྡན་ན་བསྐང་གསོའི་ཚེ་ཡང་ཕྱག་ལེན་ལ་ཡོད་པར་སྣང་ངོ་། །སྔགས་དྲུག་འདི་དག་ནི་གཙོ་བོར་རྒྱུད་སྡེ་འོག་མའི་སྔགས་ཡིན་ཀྱང་། བླ་མེད་དུ་ཡང་སྦྱོར་བའི་རྒྱུ་མཚན་ནི། སྔགས་འདི་དག་སྦྱངས་སྒྱུར་སོགས་ལ་ཆེད་དུ་བསྔགས་པས་སོ། །དེ་དག་གིས་ནི་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། རྒྱུན་གཏོར་བསྐང་གསོའི་གཏོར་མ་ལ་སོགས་ལ། །རང་དགའི་འདོད་རིགས་སྣ་ཚོགས་བཟོ་མོད་ཀྱི། །གོང་མ་རྣམ་ལྔ་ཨ་གཉན་སྐུ་མཆེད་དང་། །ཆོས་རྗེ་བླ་མ་སོགས་ཀྱིས་གསལ་བ་ཅི། །མདོས་བསྐང་སྔགས་དྲུག་