[A:༡༨༧བ] སོགས་ཀྱི་བྱིན་གྱིས་རློབ། །གཏོར་བསྐང་དེ་ལྟར་བྱེད་པའི་ཁུ་རྙིང་དང་། །འདི་དག་རྒྱུད་སྡེ་འོག་མའི་གསང་སྔགས་དག །གོང་དུ་སྦྱོར་བའི་དགོངས་པ་མཁྱེན་ལགས་སམ། །ཞེས་གསུངས་པའི་དགོངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །གཉིས་པ་བསྐང་བཤགས་ཀྱི་གོ་རིམ་དང་གཏོར་སྒྲུབ་ཀྱི་དོན་བཤད་པ་ནི། བསྐང་བ་སྔོན་ལ་བྱས་ནས་བཤགས་པ་རྗེས་ལ་བྱས་ཀྱང་རུང་ཞིང་། བཤགས་པ་སྔོན་ལ་བྱས་ནས་བསྐང་བ་རྗེས་ལ་བྱས་ཀྱང་ཆོག་མོད། འཕགས་པས་མཛད་པའི་བཤགས་པ་ཚིག་ལྷུག་མ་འདི་བྱ་ན། བསྐང་གསོའི་སྔོན་ལ་བྱེད་རིགས་པ་ཡིན་ཏེ། འདི་ཉིད་རང་གི་ཚིག་གི་གོ་རིམ་ལ་ཡང་། ནོངས་པར་སྤྱད་པ་དང་། དེའི་ལས་ཀྱི་འབྲས་བུ་ཐམས་ཅད་ཞི་བར་གྱུར་ཅིག ཅེས་པ་ཡན་གྱིས་བཤགས་པ་བྱས་ནས། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་མཆོད་སྦྱིན་གྱི་གཏོར་མ་ཞེས་སོགས་མན་ཆད་ཀྱིས་བསྐང་བ་བྱས་པ་ཡིན་ནོ་ཞེས་བླ་མས་གསུངས་ལ།