R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༩ན
[A:༩ན]བསྣུན་ནས་བསྒོམ་པས་ཕྲ་བ་དཀྱིལ་འཁོར་བཞིའམ། ཐ་མལ་གྱི་སྣང་བ་སྐུ་བཞིའི་ཡེ་ཤེས་ལྔར་བྱིན་གྱིས་རློབས། རྫོགས་རིམ་ཉམས་སུ་ལེན་པའི་ཚེ་རྒྱུད་སྡེ་ཟབ་མོ་ནས་གསུངས་པའི་རྩ་རླུང་ཐིག་ལེའི་རྣལ་འབྱོར་དང་། རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་ལ་སོགས་པས་གཟུང་འཛིན་བསྐྱེད་པའི་རླུང་སེམས་དབུ་མར་བཅུག་སྟེ། བདེ་སྟོང་མཆོག་གི་ཡེ་ཤེས་མངོན་དུ་མཛད་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལས་མ་གཡོས་པར་དུས་རྟག་ཏུ་བཞུགས་པ་ཡིན་ལ། དེ་ལྟར་རིམ་གཉིས་ཟབ་མོའི་ཉམས་ལེན་བསམ་གྱིས་མི་ཁྱབ་པ་ལ་དུས་རྒྱུན་དུ་བཙོན་པའི་སྟོབས་ཀྱིས། ལུས་ཉམས་དང་། སེམས་ཉམས་དང་། གཞན་སེམས་ཤེས་པའི་མངོན་པར་ཤེས་པའི་མངོན་ཤེས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ལ་དབང་འབྱོར་བ་ཡིན་ནོ། །ཁྱད་པར་དགུང་ལོ་ཉེར་གཅིག་བཞེས་པ་གླང་གི་ལོ་མུས་རྟ་མོ་གླིང་དགར་རྗེ་བཙུན་སངས་རྒྱན་རིན་ཆེན་པའི་ཞལ་སྔ་ནས་བཀའ་ལུང་དང་བསླབ་བྱ་གནང་། མཐུན་རྐྱེན་སྦྱར་ཏེ་ཨཥྚའི་གསུང་བསྙེན། བདེ་མཆོག་ནག་པོ་པའི་གསུང་བསྙེན། མགོན་པོའི་གསུང་བསྙེན་སོགས། གཞན་ཡང་ཨེ་ཝཾ་གསེར་སྐུ་ལྷ་ཁང་དུ་གསང་འདུས་ཀྱི་གསུང་བསྙེན། གཤེད་དམར་ལྷ་ལྔའི་གསུང་བསྙེན། འཇིགས་བྱེད་ཀྱི་གསུང་བསྙེན། ཀུན་རིག་གི་གསུང་བསྙེན། ཚེ་དཔག་མེད་ལྷ་དགུའི་གསུང་བསྙེན། སྒྲོལ་དཀར་གྱི་གསུང་བསྙེན། འཇམ་དབྱངས་དམར་སེར་གྱི་