R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༨བ
[A:༨བ]གསུང་ངག་རིན་པོ་ཆེ་ཆོས་སྐོར་ཡོངས་རྫོགས་གཙོ་བོར་གྱུར་པའི་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་། རྗེས་གནང་། རིགས་གཏད། མདོ་བཤད། རྒྱུད་བཤད། ལུང་མན་ངག་སོགས་ཀྱི་བསྡུས་པའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཞིག་མནོས་པར་མཛད་དེ་ཞིབ་པར་ནི་གསན་ཡིག་ཆེན་མོ་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་ཤེས་པར་བྱའོ། །དེ་ལྟར་གང་གསན་པའི་ཆོས་དེ་ཐམས་ཅད་ཀྱང་ཐོས་པ་ཙམ་དུ་མ་བཞག་གི དང་པོ་གསན་པ་ཉིད་ནས་ཚིག་སྔ་ཕྱིའི་འབྲེལ་དང་། དོན་གྱི་ཆ་དག་ལ་བསམ་བྱུང་གི་རིགས་པས་ལེགས་པར་དཔྱད་དེ་གཞན་གྱིས་མི་འཕྲོགས་པའི་ངེས་ཤེས་གཏིང་ནས་བརྙེད་པར་མཛད་པ་དང་། ཕྱག་ལེན་མཐོང་བ་བརྒྱུད་པ་ཚུན་ཆད་པར་བཏབ་པ་ལྟར་ཐུགས་ལ་བཞུགས་པར་མཛད་པ་ཡིན་ནོ། །ཞེས་ཐོས་སོ། བཞི་པ་ཐོས་བསམ་མཐར་ཕྱིན་ནས་བསྒོམ་པ་ཉམས་བཞེས་ཇི་ལྟར་མཛད་པའི་ཚུལ་ནི། སྤྱིར་བདག་ཉིད་ཆེན་པོའི་འདིས་ལམ་གྱི་ཉེས་ལེན་ཐམས་ཅད་ལ་དབང་གི་ཡེ་ཤེས་ཀྱིས་རྩིས་ཟིན་པའི་ལྟ་བ་བདེ་སྟོང་ཟུང་འཇུག་གི་རྒྱས་བཏབ་ནས་ཉམས་སུ་ལེན་པར་མཛད་ཅིང་། དེ་ཡང་ཕྱི་བསྐྱེད་པའི་རིམ་པ་བསྒོམ་པའི་ཚེ་སྒྲ་ཚུལ་དང་མངོན་བྱང་ལ་སོགས་པའི་བསྐྱེད་ཆོག་ཐམས་ཅད་སྦྱང་གཞི་སྦྱོང་བྱེད་སྦྱོར་བ་ལ་གནད་དུ་བསྣུན་ནས་བསྒོམ་པས་རགས་པ་ཕུང་ཁམས་བསྐྱེད་བྱེད་དམ། སྣང་གྲགས་ཀྱི་ཆོས་ཐམས་ཅད་ལྷ་དང་སྔགས་ཀྱི་རྣམ་རོལ་དུ་འཆར། ནང་བསྐྱེད་པའི་རིམ་པ་བསྒོམ་པའི་ཚེ། འཁོར་ལོ་ལྔ་དང་ཡུལ་ཆེན་ཉི་ཤུ་རྩ་བཞི་ལ་སོགས་པའི་རྩ་ཐིག་རླུང་གསུམ་ལ་གནད་དུ་