[A:༩བ]གསུང་བསྙེན། ཚེ་སྒྲུབ་ཟབ་མོའི་གསུང་བསྙེན། དབྱངས་ཅན་ལྷ་མོའི་གསུང་བསྙེན་ལ་སོགས་པ་བསྙེན་བསྒྲུབ་ཐམས་ཅད་གྲངས་དང་མཚན་མའི་བསྙེན་པ་དགེ་ལྟས་མངོན་དུ་མ་གྱུར་གྱི་བར་དུ་མཛད་དེ། ཡི་དམ་གྱི་ལྷ་ཐམས་ཅད་དང་དབྱེར་མེད་དུ་བཞུགས་པ་དང་། ལྷག་པར་འཇམ་དབྱངས་དཀར་པོའི་གསུང་བསྙེན་མཛད་དུས་མ་ཤ་ཀ་ལ་མྱུ་གུ་བྱུང་ཞིང་ཞལ་ཡང་གཟིགས་པ་ཡིན་ལ། རྗེས་ཐོབ་ཏུ་ཆོས་ཐམས་ཅད་རྨི་ལམ་སྨྱུ་མ་ལྟ་བུའི་ངང་ནས་ཆོས་འཆད་པ་དང་། གསུང་རབ་རྩོམ་པ་ལ་སོགས་པའི་སྒོ་ནས་དུས་འདའ་བར་མཛད་པ་མ་གཏོགས། འཇིག་རྟེན་གྱི་བྱ་བ་ངན་པས་གཡེངས་བ་དང་། ཐ་མལ་དུ་སྐད་གཅིག་ཙམ་ཡང་བཞུགས་པ་མི་སྲིད་དོ། །ཁྱད་པར་རྗེས་ཐོབ་སྐྱེ་བུས་དབེན་པའི་གནས་སྐབས་ཐམས་ཅད་དུ་གཏོང་ལེན་བྱང་ཆུབ་ཀྱི་སེམས་ལ་ནན་ཏན་དུ་མཛོད་དེ། སྐུ་ལུས་ཉམས་ང་བའི་རྣམ་པར་བཞུགས་པ་འཕྲལ་དུ་སྐུ་མདུན་དུ་ཕྱིན་པ་རྣམས་ལ་མངོན་དུ་གྱུར་པ་དང་། རྗེ་བཙུན་གྱི་མགུར་ལས། བདག་གཅིག་པུ་ཐར་པས་ཕན་པ་མེད། །ཁམས་གསུམ་གྱི་སེམས་ཅན་ཕ་མ་ཡིན། །ཕ་མ་སྡུག་བསྔལ་གྱི་སིབ་ཏུ་བཞག །བདག་བདེ་བར་འདོད་པ་ཐེ་ལེ་ལེ། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་ཅིང་། མའི་དྲིན་ལན་མཐའ་དག་བསྐལ་པའི་བར་དུ་བརྗོད་ཀྱང་མི་རྫོགས། འཛམ་གླིང་གསེར་གྱིས་བཀང་ནས་བྱིན་ཡང་དྲིན་ལན་ཁྱེར་བར་མི་ནུས་པས། དམ་པའི་ཆོས་ཀྱིས་དྲིན་ལན་འཇལ་བར་དགོངས་ཏེ། བྱམས་པ་