R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༡༩བ
[A:༡༩བ]ལྔ་ནས་ཉི་མ་ལྔའི་བར་ཐུགས་སྲས་ཆོས་རྗེ་དཀོན་མཆོག་རྒྱལ་མཚན་པ་གསེར་སྐུ་ལྷ་ཁང་དུ་སྐུ་མཚམས་དམ་པོ་མཛད་པ་ལ་གང་ཅིའི་བཀའ་ལུང་བསླབ་བྱ་གནང་བ་ལ་ཕེབས། ཚེས་པ་བཅུའི་ཉིན་རྒྱུད་འདོན་པ་རྣམས་ལ་སྐུ་འགྱེད་ཀྱི་མང་ཇ་དང་བཞེས་སྤྲོ་མང་པོའི་གནང་སྦྱིན་མཛད། གཞན་གླིང་བསྐོར་ལ་ཆེར་མི་འབྱོན་ནའང་དགོངས་པ་སྔོན་དུ་བཏང་ནས། ཚེས་བཅུ་གཅིག་ནས་ཉི་མ་གསུམ་གྱི་བར་ལ་ཕྱག་ཕྱི་བ་ཉུང་ཤས་དང་བཅས་ཏེ་གླིང་བསྐོར་ལ་ཕེབས་སྐབས་ནམ་མཁའ་ཤིན་ཏུ་དྭངས་པ་ལ་མེ་ཏོག་གི་ཆར་ཤིན་ཏུ་འཐུག་པ་རང་འབབ་པར་སྣང་། ཚེས་བཅུ་བཞིའི་ཉིན་ས་མཆོད་ཆེན་མོའི་གླིང་བསྐོར་ལ་ཕེབས་པའི་ཚེ་གླིང་གི་མཐའ་སྐོར་ལ་སྐྱེས་ཕོ་མོའི་ཚོགས་གྲངས་མེད་འདུས་པ་རྣམས་ལ་བཀའ་ཆོས་མཚོན་ཙམ་རེ་གནང་སྟེ་དངོས་པོ་མང་པོའི་འབུལ་བཞེས་མཛད། གླིང་བསྐོར་འཁོར་འཕྲལ་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པའི་དབུས་སུ་སྤྱོད་འཇུག་ནས་གསུངས་པའི་སྨན་འཇུག་སྟབས་གཅིག་ལེན་པའི་ཆོ་གས་བྱུང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་མཛད་པའི་ཚེ། མེ་ཏོག་གི་ཆར་ཁ་བ་ལྟ་བུར་བབས་སོ། །དེ་ཉིན་ཁྲི་ཁ་ནས་བཀའ་ལུང་ལ། སང་ཉིན་སངས་རྒྱས་ཀྱི་ལྷ་བབས་ཀྱི་དུས་ཆེན་ཡིན་སྨོན་ལམ་གང་བཏབ་བྱ་བ་ཕྲག་བརྒྱའི་འགྱུར་དུ་གསུངས་པས། ཇ་དུང་བྱུང་དུས་དགེ་འདུན་ཚང་མ་འདུ་ཁང་དུ་བྱོན་ལ་སྨོན་ལམ་མཛོད། རང་ཅག་དཔོན་སློབ་རྣམས་ལྷན་གཅིག་ཏུ་འཚོགས་ནས་སྨོན་ལམ་བྱེད་པ་སྐལ་བ་བཟང་པ་ཡིན་གསུངས། ཚེས་