R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༡༩ན
[A:༡༩ན]སུ་སྦྲུལ་ལོ་ས་ག་ཟླ་བའི་ཚེས་བཅུ་བཞིའི་བར་དུ་གནང་། གཞན་ཡང་དགེ་ཚུལ་ཉིས་བརྒྱ་ལྷག་ཙམ་དང་། བསྙེན་རྫོགས་པ་བརྒྱ་སུམ་ཅུ་ཙམ་དཀྱུས་ཐོག་གཅིག་ལ་བསྒྲུབ་པའི་མཁན་པོ་མཛད། གཞན་ཡང་དབང་རྗེས་གནང་དུ་མ་དང་། ཀུན་མཁྱེན་རིན་པོ་ཆེའི་བཀའ་འབུམ་སོགས་ལུང་གི་སྐོར་མཐའ་ཡས་པ་བཀའ་དྲིན་བསྐྱངས། ཟླ་བ་དྲུག་པའི་ངོ་གང་ལ་རྩ་རྒྱུད་བརྟག་པ་གཉིས་པའི་བཤད་བཀའ་ཤིན་ཏུ་རྒྱས་པ་རྒྱུད་གསུམ་འབའ་ཞིག་གི་སྟེང་ནས་གནང་། གཞན་ཡང་ཀུན་ཏུ་དགོས་པའི་གཞུང་བདུན། འགྲེལ་པ་དག ལྡན་འཕགས་པའི་བསྡུས་དོན་མཆན་བུ་རྣམས་ཀྱི་སྟེང་ནས་བཤད་བཀའ་ཤིན་ཏུ་རྒྱས་པ་བསྐྱོར་ཆོས་སུ་གནང་། གཞན་ཡང་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད། བྱིན་རླབས། དེ་སྐོར་གྱི་ཡིག་ཆའི་ལུང་རྣམས་བཀའ་དྲིན་ཚད་མེད་པ་བསྐྱངས་སོ། །དེ་ནས་འབྲས་ཡུལ་སྐྱེད་མོས་ཚལ་དུ་ཀུན་མཁྱེན་ཤེས་རབ་འོད་ཟེར་གྱི་དངུལ་གདུང་ལ་རབ་གནས་དང་། དགེ་འདུན་ཚོགས་པ་ལ་ཆོས་འཁོར་བསྐོར་བ་ལ་གསོལ་བ་ཡང་ཡང་དུ་བཏབ་ནས། ཟླ་བ་བདུན་པའི་ཚེས་གསུམ་ལ་ཤར་དུ་ཕེབས། རབ་གནས་དང་སྐྱིད་ཚལ་གོང་འོག་ཏུ་ཆོས་འཁོར་བསྐོར་གྲུབ་ནས། རིན་སྤུངས་སྡེ་སྲིད་ཡབ་ཡུམ་ལ་བཀའ་ཆོས་ཐུགས་ཁ་ཚིམ་པ་གནང་། བཀྲ་ཤིས་རྫོངས་ཁ་ལྕགས་སུ་བཀའ་དབང་གནང་རྗེས། ཐ་སྐར་ཟླ་བའི་ཚེས་བཞི་ལ་ཨེ་ཝཾ་ཆོས་ལྡན་དུ་དགེ་འདུན་ཆོས་སྡེའི་བསུ་བ་དང་བཅས་ཏེ་ཕེབས་སོ། །ཚེས་