R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༢༠ན
[A:༢༠ན]བཅོ་ལྔའི་མང་ཆའི་སྟེང་ཁྲི་ཁར་ཕེབས་ནས། བསྔོ་རྒྱུའི་དགེ་རྩའི་སྐབས་སུ་རང་ཅག་དཔོན་སློབ་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་འདིས་མཚོན་ནས་གསུངས་ཏེ། བསྟན་པ་ཡུན་རིང་དུ་གནས་པ་དང་། མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་སྔར་ནས་མ་བྱུང་བ་ལྟ་བུའི་བསྔོ་བ་སྨོན་ལམ་ཤིན་ཏུ་རྒྱས་པར་མཛད་དོ། །དགུ་པ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་ནི། སྔ་སོར་དགུང་ལོ་ལྔ་ཅུ་ཙམ་བཞེས་པའི་ཚེ་ངོར་དབང་ཁང་དུ་ཁྲོས་གཏམ་གཅིག་ལ། ང་ནི་དྲུག་ཅུ་རེ་གཅིག་པ་ལ་འགྲོ་གསུངས་པའི་བཀའ་ལུང་གསལ་པོ་གནང་བ་ནང་སོ་དོན་གྲུབ་རྡོ་རྗེ་ལ་བརྒྱུད་ནས་ཐོས་པ་དང་། འབྲུག་ལོ་བླ་མ་རིན་པོ་ཆེ་ལུང་རིགས་རྒྱ་མཚོའི་གསུང་ཆོས་ཀྱི་གསོལ་བ་བཏབ་དུས། འབྱོན་པ་ཕྱིས་ནས་ཐུགས་དགོངས་རྫོགས་པ་བཞིན་ནི་ཡོང་བ་དཀའ་གསུངས་པ་དང་། སྦྲུལ་ལོ་ཟླ་བ་དང་པོའི་ཚེས་བཅུ་དྲུག་ལ་སྣང་གསུམ་གྲོལ་ནས་སང་ཉིན་སེམས་བསྐྱེད་ཆེན་མོ་ཡོང་རྒྱུའི་དོ་ནུབ་རྗེ་ཉིད་ལ་དེ་ཐོབ་ཀྱི་དངོས་སློབ་ལྡོག་ཆོས་འཁོར་སྒང་གི་བླ་མ་ཆོས་རྗེ་བྱམས་པ་བློ་གྲོས་རྒྱལ་མཚན་པའི་རྨི་ལམ་དུ། ཨེ་ཝཾ་ཆོས་ལྡན་གྱི་སྲང་ཁྲོད་ཀྱི་སྦག་སྦུག་ཐམས་ཅད་ན་བུད་མེད་ལ་ལྷུས་བླངས་པའི་སྐྱེ་བོའི་ཚོགས་གྲངས་མེད་པ་ལྕགས་ཀྱུ་དང་བཅས་པའི་མདའ་དར་སྣ་ལྔ། སིལ་སྙན་ཆུང་ཆུང་། གསང་བའི་རྔ་ཆུང་། ཕེག་བརྡབ་པ་དང་བཅས་པའི་རོལ་མོའི་ཚོགས་མང་དུ་ཐོགས་ཏེ། གབ་པའི་ཚུལ་དུ་འདུག་པ་ལ་