R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༢ན
[A:༢ན]ཆེན་པོ་རྡོ་རྗེ་འཆང་དཀོན་མཆོག་ལྷུན་གྲུབ་ཅེས་སྙན་པའི་གྲགས་པས་ས་སྟེང་མ་ལུས་པ་ཁྱབ་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་མདོ་ཙམ་སྤེལ་བ་འདི་ལ་དོན་བཅུ་སྟེ། སྐུ་སྐྱེ་པ་ཇི་ལྟར་བཞེས་པའི་ཚུལ། སངས་རྒྱས་ཀྱི་བསྟན་པ་ལ་ཇི་ལྟར་བཞུགས་པའི་ཚུལ། དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པའི་ཚུལ། ཐོས་བསམ་མཐར་ཕྱིན་ནས་བསྒོམ་པ་ཉམས་བཞེས་ཇི་ལྟར་མཛད་པའི་ཚུལ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཇི་ལྟར་བརྙེས་པའི་ཚུལ། འཆད་རྩོད་རྩོམ་གསུམ་གྱི་བསྟན་པའི་བྱ་བ་ཇི་ལྟར་མཛད་པའི་ཚུལ། མཁས་བཙུན་བཟང་གསུམ་གྱི་སློབ་མ་ཇི་ལྟར་བསྐྲུན་པའི་ཚུལ། རྣམ་དཀར་གྱི་ཕྲིན་ལས་གཞན་ཡང་ཇི་ལྟར་མཛད་པའི་ཚུལ། གཟུགས་སྐུ་ཆོས་དབྱིངས་སུ་ཇི་ལྟར་ཐིམ་པའི་ཚུལ། མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་ཇི་ལྟར་བྱུང་བའི་ཚུལ་ལོ། །དང་པོ་ནི། འགྲོ་བ་རྣམས་ཀྱི་འདྲེན་པ་དམ་པ་རྗེ་བཙུན་ཨེ་ཝཾ་པ་ཆེན་པོ་འདི་གང་དུ་སྐྱེ་བ་བཞེས་པའི་གནས་ནི། མཁས་པ་དང་གྲུབ་པའི་སྐྱེས་བུ་རྒྱུན་མི་འཆད་པ་འབྱུང་བའི་དགེ་མཚན་དང་ལྡན་པ། བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་སའི་ཆ་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པ་གཉན་གྱི་ཕོ་བྲང་ཡིན་ལ། ཡབ་