[A:༢བ]མདོ་སྔགས་སྨྲ་བ་དགེ་བའི་བཤེས་གཉེན་ཆེན་པོ་བློ་གྲོས་རྣམ་རྒྱལ་བའི་རིགས་སུ་འཁྲུངས་པ་ཀུན་དགའ་དོན་གྲུབ་པ་དང་། ཡུམ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་དབོན་མོ་དཔོན་ནེ་ལྷ་མོ་བུ་འདྲེན་ཞེས་བྱ་བ་མཁའ་འགྲོའི་མཚན་དང་ལྡན་པ་གཉིས་ཀྱི་སྲས་སུ། འཕགས་པའི་ཡུལ་ན་དམར་སེར་ཅན་ཞེས་བྱ་བ། མེ་མོ་སྦྲུལ་གྱི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ནས་བལྟམས་ཏེ་མཚན་ལྷ་རྒོད་དར་ཞེས་གསོལ་ལོ། །དམ་པ་འདི་ཉིད་ལྷུམ་ན་བཞུགས་པའི་ཚེ། ཡུམ་ཟོ་མདོག་བདེ་བ་དང་། ལྡང་བ་ཡང་བ་དང་། དད་པ་དང་སྙིང་རྗེ་སྔར་ལས་ཆེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་གྱུར་ཏོ། །ཡུམ་དེ་ཉིད་ཡོངས་འཛིན་དམ་པའི་མགོན་གྱིས་བཟུང་བ་ཞིག་སྟེ། ཀུན་མཁྱེན་རིན་པོ་ཆེ་བསོད་ནམས་སེངྒེ་གདན་ས་ཆེན་པོར་ཆོས་དབར་ལ་ཕེབས་སྐབས། འཁར་རྔ་བཟང་པོ་གཅིག་གི་ཐོག་དྲངས་འབུལ་བ་དང་བསྙེན་བཀུར་གྱིས་མཉེས་པར་མཛད་པ་དང་། རྡོ་རྗེ་འཆང་ཆེན་པོའི་དབོན་མོ་ཡིན་པ་སོགས་ནས། ཞལ་གྱི་བདུད་རྩི་མང་དུ་ཐོབ་སྟེ་ཐུགས་བརྩེ་བས་རྗེས་སུ་བཟུང་བ་ཞིག་ཡིན་ཞེས་ཐོས་སོ། །བླ་མ་དམ་པ་དེ་ཉིད་སྐུ་བལྟམས་པའི་ཚེ་ནམ་མཁའ་གཡའ་དག་པ་དང་། མེ་ཏོག་གི་ཆར་འབབ་པ་ལ་སོགས་པ་དང་། ཡབ་ཡུམ་འབྱོར་པ་རྒྱས་པ་དང་། ཡུལ་ཕྱོགས་ལོ་ལེགས་པ་དང་། མི་ནད་ཕྱུགས་ནད་མེད་པ་ལ་སོགས་པ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་ལྡན་པར་གྱུར་ཏེ། གཞོན་ནུ་དེ་ཡང་ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་ཞིང་། སྐུ་ལུས་མཛེས་ལ་བརྗིད་ཆགས་པ། ཆུ་ཞེང་འགབ་པ། ཞལ་གྱི་