[A:༢༡ན] ཆོས་མཛད་པ་སྙིང་པ་ཞབས་དྲུང་དུ་བསླབ་བྱ་ཞུ་བ་དང་ཞུགས་ཤིག་འབུལ་བ་ལ་གནང་བའི་ཞུ་ལན་དུ། ཁྱེད་སེམས་ལ་ལྷང་ལྷང་ཡོད་ནའང་ས་གད་འགྱངས་པ་ནས། ད་ནི་རང་ཅག་དཔོན་སློབ་གཉིས་ཚེ་འདིར་མ་འཕྲད་ཀྱིས་དོགས་གསུངས་པ་གནང་འདུག་པ་དང་། གང་ལྟར་དེ་ལོ་མི་བཞུགས་པ་ལ་སྔ་མོ་ནས་ཐུགས་བརྩེ་གཏད་འདུག་པ་བཞིན། ཐ་སྐར་ཟླ་བའི་ཚེས་བཅོ་ལྔའི་དགོང་ཆོས་ཁྲི་ཐང་ལ་ཞབས་སྐོར་ལ་ཕེབས་སྐབས་སྐུ་ཅུང་ཟད་ཁྱགས་པའི་རྐྱེན་བྱས་ཚེས་བཅོ་ལྔའི་ཐོ་རངས་ཅུང་ཟད་སྙུང་སྟེ་བཅུ་དྲུག་གི་ཉིན། གཉེར་ཆེན་དགེ་སློང་ཆེན་མོས་བཀོད་པ་མཛད་དེ། དཔལ་ལྡན་ས་སྐྱ་ཆོས་འཁོར་ལྷུན་པོ། ཐུབ་བསྟན་ཡངས་པ་ཅན་གྲྭ་ཚངས་ཆེན་མོ། ཐུབ་བསྟན་རྣམ་རྒྱལ། གསེར་མདོག་ཅན་འབྲས་ཡུལ་གོང་འོག ན་ལེནྡྲ་རྣམས་སུ་སྐུ་རིམ་གྱི་མང་ཇ་བརྟེན་བཅས་དང་། སྒོ་རུམ་དང་། ཁའུ་བསྐྱེད་ལྷས་སུ་གཏོར་གསོས་གོས་དར་དང་བཅས་པ་ཕུལ། དཔལ་ཨེ་ཝཾ་ཆོས་ལྡན་དུ་ཚོགས་པ་ལྔ་བརྒྱ་སྐོར་ལ་སྐུ་རིམ་གྱི་མང་ཇ་སྔ་ཇ་དགོང་ཇ་ཚེས་བཅུ་དྲུག་ནས་ཉེར་ལྔའི་བར་དུ་སྣང་སྟེ། སྐུ་བཞུགས་པའི་ལུགས་སུ་བྱས་ནས་སྐུ་རིམ་འབའ་ཞིག་བསྒྲུབ། དེ་སྐབས་མེ་ཏོག་གི་ཚར་རྒྱུན་མར་བབས་པས་ཁམས་པ་རྣམས་ན་རེ། ངའི་བླ་མ་འདི་སྙུང་བ་དང་ནམ་མཁའ་འདི་ལ་འདི་འདྲ་བ་དགོས་རྒྱུ་མེད་ཟེར་མཆི་མ་གཏོང་མི་ཡང་མང་པོ་བྱུང་། ཚེས་བཅུ་དགུའི་ཉིན་གསོལ་