[A:༢༠བ]ཅི་ཡིན་དྲིས་པས། རྗེ་བཙུན་བླ་མ་རིན་པོ་ཆེ་ཞིང་གཞན་དུ་སྤྱན་འདྲེན་པ་ཡིན་ཟེར། དེ་ནས་བླ་མ་རིན་པོ་ཆེ་སྐུའི་གཟི་མདངས་ཉི་ཟླ་ཟིལ་གྱིས་གནོན་ནུས་པ་ལྟ་བུའི་ས་ཞུ་དང་བཅས་བླ་བྲང་གི་ནུབ་སྒོ་ནས་ཕེབས་བྱུང་པས་མི་དེ་ཐམས་ཅད་ལང་ནས་མདའ་དར་གྱི་གཡབ་མོ་ཁྲ་ཐིབ་ཐིབ་པ་དང་། རོལ་མོ་སྣ་ཚོགས་ཀྱི་སྒྲས་བེར་འགྲོ་བ་ལྟ་བུ་བྱས་ནས། ཆོས་ཁྲི་ཐང་ཡིན་སྙམ་པ་གཅིག་གི་ལྷོ་ཕྱོགས་ལ་སྤྱན་དྲངས་སོང་བ། ཆོས་ཁྲི་མཐོན་པོ་སྤོས་ཞལ་གྱི་བང་རིམ་དུ་མ་དང་ལྡན་པ་ཁ་ལྷོ་བལྟས་གཅིག་གི་སྟེང་དུ་ཕེབས་བྱུང་སྟེ། བང་རིམ་རྣམས་ལ་བུད་མེད་མང་པོ་བསྡད། བུད་མེད་ཀྱི་གཙོ་མོ་སྨུག་ཚོན་མ་གཉིས་ཀྱིས་ཞབས་པུས་གཡས་གཡོན་མནན་ནས་འདུག དེ་ནས་སྐྱེ་བོའི་ཚོགས་གྲངས་མེད་པ་རྣམས་ལ་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ཆོ་ག་མཛད་ཀྱིན་འདུག་པ་རྨི་བ་དང་། ཚེས་བཅུ་བདུན་ནས་སྐུ་མཚམས་མཛད་པའི་སྐབས། ཉེར་གཅིག་གི་ཉིན་མགུལ་ཆམ་ལ་བསྙད་པའི་སྐུ་ཁམས་ཤིན་ཏུ་ལྟེམ་པ་གཅིག་བྱུང་འདུག་པ་ནས། སྔ་སོའི་ཐུགས་བཞེད་བཞིན་ཡིན་ན་དགུང་ལོ་རེ་གཅིག་བཞེས་པ་དང་། རྟ་ཟླའི་ཉེར་གཅིག་ལ་ཕེབས་རྒྱུར་འདུག་ནའང་། ཐ་སྐར་ཟླ་བའི་ཉེར་གཅིག་བར་བཞུགས་པ་ནི་གསར་དུ་སླེབ་པའི་སློབ་མ་དགའ་ཞིག་གི་དོན་ལ་ཐུགས་བརྩེ་བས་དགོངས་པར་འདུག་ཅིང་། སྦྲུལ་ལོ་ཟླ་བ་དྲུག་པའི་ཚེས་བདུན་སྐོར་ལ་རྗེ་བཙུན་སྤྱན་སྔ་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོ་ལོ་དགོན་པར་བཞུགས་སྐབས།