[A:༢༣བ] བསྡུས་དོན་ཙམ་བཤད་ཉན་བྱས། ས་སྐྱ་པའི་བསྟན་པ་མ་ཉམས་ཙམ་བྱུང་། ངའི་བརྩམས་ཆོས་རྣམས་བལྟ་རྟོག་གྱིས། བརྒལ་ལན་ངེས་དོན། ཐ་སྙད་སོགས་གང་ལ་ཡང་ཐོགས་པ་མི་ཡོངས་གསུངས་པའི་ཞལ་ལྟ་འདས་མ་འོངས་དུ་མ་གནང་། ཉི་མ་གུང་ལ་ཉེ་ཙམ་ན་འཇིགས་བྱེད་ཀྱི་གཏོར་བཟློག་གཅིག་དགེ་འདུན་བཅུ་ལྷག་ཙམ་གྱིས་མཛད་ཀྱི་ཡོད་ཚེ། དུང་ཆེན་འབུད་པའི་སྐད་གཅིག་འདུག་གསུངས། དྲུག་ཅུ་པའི་ལགས་ཞུས་པས། རིམ་གྲོ་འདྲ་གྱིས་དང་། ད་ལན་དཀར་ཕྱོགས་དང་ནག་ཕྱོགས་གཉིས་སུ་ཐོབ་ཞིག་འདུག་སྟེ། ནག་ཕྱོགས་ཀྱིས་ཐོབ་པ་འདྲ་གསུང་། དེ་ནས་ཉེར་གཅིག་གི་ཉི་མ་གུང་ཡོལ་ཙམ་ལ་རྗེ་དབོན་སོགས་སྐུ་འཁོར་ཉུང་ཤས་ཞབས་དྲུང་ན་ཡོད་ཚེ། མཆོད་གཡོག་པས་ཐུགས་དམ་གཏོར་འབུལ་མཛད་ལགས་སམ་ཞུས་པ་ན། ད་ལྟ་ཁམས་དང་བ་རང་མི་འདུག ཅུང་ཟད་གཅིག་ནས་ཐུགས་དམ་དང་གཏོར་འབུལ་རྣམས་ཚ་ཚ་གདབ་གདབ་བྱེད་པའི་དུས་གཅིག་ཡོང་གསུངས། དབོན་ཆེན་གྱི་ཐུགས་ལ་ད་རང་གསོལ་བ་མི་ཐེབ་པ་འདྲ་དགོངས། གསེར་སྐུ་ལྷ་ཁང་ནས་ཐུགས་སྲས་དཀོན་མཆོག་རྒྱལ་མཚན་པ་སྤྱན་དྲངས། དུམ་ཅིག་ནས་སྐུ་འཁྲུས་ཅུང་ཟད་བྱུང་བའི་རྣམ་སྣང་དང་གསོལ་ཞོ་བསྲེས་ནས་རྗེ་ཉིད་ཀྱིས་གསོལ། རྗེ་དབེན་སོགས་སྐུ་འཁོར་བ་རྣམས་ལའང་ཅུང་ཟད་རེ་གནང་། ལྷག་མ་སེར་སྐུ་ནས་ལ་གནང་། དབང་བསྐུར་བ་ཐོབ་པའི་སློབ་དཔོན་གྱི་དྲི་ཆེན་དྲི་ཆུ་ལ་གཙང་ཙོག་མེད་པར་བཟའ་ནུས་ན་དངོས་གྲུབ་