[A:༥ན] དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་བསླབ་བྱ་མདོ་ནམ་མཁའི་སྙིང་པོ་ལས་ལོགས་སུ་བཀོལ་བ་བྱང་ཆུབ་ལྟུང་བཤགས། དེའི་འདོན་ཐབས། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ལུང་སྦྱོར་དང་བཅས་པ་ས་པཎ་གྱིས་མཛད་པ་ལུང་སི་བུ་བ་བཅུ་བདུན་དུ་གྲགས་པ་དང་། དེ་རྣམས་ཀྱི་ས་བཅད་མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པ། བསླབ་པ་ཀུན་ལས་བཏུས། སྤྱོད་འཇུག དེའི་ས་བཅད་རྗེ་བཙུན་གྱིས་མཛད་པ། དེའི་ཊཱིཀྐ་གསུང་བགྲོས་མ། ཇོ་བོའི་ཐུགས་དམ་ཆོས་ཆུང་བརྒྱ་རྩར་གྲགས་པ། སྡོམ་པ་ཉི་ཤུ་པ། དེའི་འགྲེལ་པ། བཟང་སྤྱོད་སྨོན་ལམ། བྱམས་སྨོན། མདའ་ཁ་ཡེ་ཤེས། ཤེར་ཕྱིན་རྣམས་ཀྱི་ལུང་། ཞེན་པ་བཞི་བྲལ་གྱི་ཁྲིད། དེའི་ལོ་རྒྱུས་དང་ཁྲིད་ཡིག་སོགས་བླ་མ་གོང་མས་མཛད་པ་རྣམས་གསན་ནོ། །ཞེས་ཐོས་སོ། དེ་ལྟར་ན་དགུང་ལོ་བཅུ་གསུམ་པ་ནས་བཅོ་བརྒྱད་བཞེས་ཀྱི་བར་དུ་འདྲེན་མཆོག་དམ་པ་དེ་ཉིད་ཀྱི་ཞབས་ཀྱི་པདྨོ་ལ་བཏུགས་ཏེ། གསུང་ངག་རིན་ཆེན་གཙོ་བོར་གྱུར་བའི་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་ཞིག་གསན་པར་མཛད་ཅིང་། ཉེ་འབྲེལ་གྱི་རྟོག་པ་དང་། སྐྱོན་གྱི་རྣམ་པ་ཐམས་ཅད་སྤངས་ཏེ། ལྷག་པའི་ལྷ་དང་དབྱེར་མེད་པའི་འདུ་ཤེས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ཐམས་ཅད་སངས་རྒྱས་ཀྱི་མཛད་པ་ཁོ་ནར་གཟིགས་པས། རྟེན་འབྲེལ་ཐམས་ཅད་རང་འགྲིག་ནས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་མཛད་པ་ཡིན་ལ། རྗེ་རིན་པོ་ཆེ་དགེ་ལེགས་བཤེས་གཉེན་པ་ལ་སྦྱོར་དོད་མཛད་དུས་བུ་ཚ་འདི་ལ་རེ་