[A:༥བ]ཚོད་ཆེན་པོ་ཡོད་གསུངས་པ་དང་། རྣམ་པ་ཐམས་ཅད་དུ་ཐུགས་རྗེའི་སྤྱན་རས་ཀྱིས་ལྷག་པར་གཟིགས་པ་དང་། ཆོས་དང་ཟང་ཟིང་གི་བཀའ་དྲིན་ཚད་མེད་པ་སྐྱོང་བ་ནི་སྲས་ཀྱི་མཐུ་བོ་འདི་ཉིད་རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཚབ་ཏུ་གྱུར་ཏེ། མཚུངས་པ་མེད་པའི་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྤྱི་སྒོས་ཀྱི་བསྟན་པ་རྒྱས་པར་མཛད་པའི་བསྟན་འཛིན་མཆོག་ཏུ་ལུང་བསྟན་པ་ཡིན་ནོ། །ཉིད་ཀྱི་ཞལ་ནས། དེ་ལྟར་དཀོན་མཆོག་གསུམ་དངོས་རྡོ་རྗེ་འཆང་། །བསམ་འཕེལ་དབང་གི་རྒྱལ་པོ་རིགས་བརྒྱའི་མགོན། །བཀའ་དྲིན་མཉམ་མེད་རྗེ་བཙུན་གང་དེ་ཡི། །ཞབས་སེན་དབང་གི་རྒྱལ་པོར་ཕྱག་བགྱི་འོ། །གང་གི་དང་པོར་སྡོམ་གསུམ་བཀའ་དྲིན་སྩལ། །བར་དུ་མ་ནོར་ལེགས་བཤད་སྣང་བ་བསྟན། །ཐ་མར་ཆོས་དང་ཟང་ཟིང་དུ་མས་བསྐྱངས། །དེ་སླད་དངོས་པོ་ཀུན་གྱི་སྙིང་ནས་འདུད། །ད་དུང་བླ་མེད་བྱུང་ཆུབ་མ་ཐོབ་པར། །ཚེ་རབས་ཀུན་ཏུ་དྲིན་ཅན་ཆོས་ཀྱི་རྗེ། །ཁྱེད་ལས་གཞན་པའི་སྐྱབས་མགོན་མ་མཆིས་པས། །ཚད་མེད་ཐུགས་རྗེའི་སྤྱན་གྱིས་གཟུགས་སུ་གསོལ། །ཞེས་གསུངས་སོ། དེ་ནས་དགུང་ལོ་བཅོ་བརྒྱད་བཞེས་པའི་སྟེང་དུ། འདྲེན་མཆོག་རིན་ཆེན་སྐུ་གཤེགས་པའི་ཚེ། ཉེ་གནས་པ་ལ་སོགས་པ་ནི་གཞན་དུ་ལོངས་སྤྱོད་ལ་གཡེངས། ཟླ་བ་དུ་མའི་བར་དུ་སྐུ་གདུང་གི་དྲུང་དུ་ཉིན་མོ་རྡོ་རྗེ་འཛིན་པ་གཞན་དང་མཉམ་དུ་