[A:༤བ] བསླབ་བྱ་མཛད་པ་རྣམས་ལ་ཚུལ་བཞིན་གསན་ཏེ། ཤིན་ཏུ་བཙུན་པའི་ངང་ནས་ཐོས་བསམ་ལ་བརྩོན་པ་ཆེན་པོས་མཛད་པས། དགུང་ལོ་བཅུ་བདུན་བཞེས་པའི་ཚེ་ཨེ་ཝཾ་ཆོས་ལྡན་གྱི་བླ་མེད་ཀྱི་བསྒྲུབ་མཆོད་ཀྱཻ་རྡོར་གུར་སཾ། བདེ་མཆོག གསང་འདུས་ལྔའི་ཆོག་ཁྲིགས་ཆ་ལག་དང་བཅས་པ་རྣམས་དང་། དཔལ་དགེས་པ་རྡོ་རྗེ་རྒྱུད་གསུམ། ཀུན་ཏུ་དགོས་པའི་གཞུང་བདུན། འགྲེལ་པ་དག་ལྡན། སྤྱོད་འཇུག མངོན་པ་མཛོད། དབུ་མ་འཇུག་པ། སྡོམ་གསུམ་རབ་དབྱེ་ལ་སོགས་པའི་གཞུང་ལུགས་ཆེན་པོ་དེ་རྣམས་དཀྱུས་ཐོག་གཅིག་ལ་ཐུགས་ལ་བྱང་བར་བཞུགས་ཏེ་འདྲེན་མཆོག་ཆོས་རྗེའི་དྲུང་དུ་རྒྱུགས་འབུལ་མཛད་པས་ཤིན་ཏུ་མཉེས་ཚོར་ཆེ་བ་བྱུང་གསུང་ངོ་། །དམ་པ་ཉིད་ཀྱི་ཞལ་ནས་ཡོན་ཏན་ཡོང་བ་ལ་བློ་ཚོགས་གང་ཡོད་མ་བརྗེད་པ་ལོ་གསུམ་གསུམ་བསྐྱོར་དགོས། དཔེ་ཆ་གང་བཟུང་འཕྲལ་ལ་བརྗེད་དུ་བཅུག་པས་ཡོན་ཏན་གང་ལ་འབྱུང་སྟེ། ངེད་ཀྱི་ལོ་བཅུ་ལོན་པའི་ཚེ་གོང་དུ་སྨོས་པའི་གསུང་རབ་དེ་རྣམས་དཀྱུས་ཐོག་ཅིག་ལ་ཤིན་ཏུ་བྱང་བར་ཡོད་གསུང་ངོ་ཞེས་ཐོས་སོ། །གསུམ་པ་དགེ་བའི་བཤེས་གཉེན་ཇི་ལྟར་བསྟན་པའི་ཚུལ་ནི། ཐོག་མར་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་དཀོན་མཆོག་འཕེལ་བའི་དྲུང་དུ་སོ་སོར་ཐར་པའི་སྡོམ་པ་དང་འབྲེལ་བ་ལ་དགེ་ཚུལ་གྱི་རགས་སྡོམ་བཅུ། སྤྲིངས་ཡིག་སློབ་མ་ལ་ཕན་པའི་ལུང་། བྱུང་ཆུབ་སེམས་དཔའི་སྡོམ་པ་དང་རྗེས་སུ་འབྲེལ་བ་ལ།