[A:༤ན]
རྩེ་མོར་འཕགས་པ་དང་དུས་མཚུངས་པས་ཡ་མཚན་པའི་རྨི་ལྟས་དེ་ཉིད་ཡབ་ལ་གསོལ་བ་ན་ལྷག་པར་དགྱེས་ཏེ། ལུས་ཉེ་བར་འཚོ་བའི་ཐབས་སུ། གསང་སྔགས་དང་རིག་སྔགས་འཆང་བའི་རྡོ་རྗེ་འཛིན་པ་རྣམས་ཀྱིས་བསྲུང་བའི་འཁོར་ལོ་རྒྱ་ཆེར་བསྒོམབསྒོམས་པ་དང༌། བསླབ་པ་ལ་གནས་ཤིང་ཡིད་གཞུངས་བས་གསུང་རབ་སྒྲོག་པར་བརྩོན་པ་རྣམས་ཀྱིས་རྒྱལ་བའི་བཀའ་དྲི་མ་མེད་པ་ཡུན་དུ་ཀློག་པ་དང༌། སྲིད་ཞུའི་མེལ་ཚེ་ལ་ནན་ཏན་དུ་འབད༌[B:༡༣] པའི་སྐུ་འཁོར་བ་རྣམས་ཀྱིས་བཀུར་[C:261]བསྟིས་ཉེ་བར་མཆོད་པ་དང༌། རྐྱེན་དུ་འཕྲོད་པའི་ཉེར་སྤྱད་འཁོ་དགུ་ཅོག་མ་ཚང་བ་མེད་པར་སྦྱར་བ་དང་བཅས་ནས། ཡུམ་ཁང་བཟང་དབེན་པར་བཞུགས་སུ་བསྩལ་ལོ། དེའི་ཚེ་ཡུམ་གྱི་སྐུ་ལུས་ཡང་ཞིང་བདེ་ལ། གསུང་ངག་རང་བཞིན་གྱིས་འཇམ་པ་ཉིད་ཀྱང་ལྷའི་གདངས་ལྟར་སྙན་པར་སྨྲ། ཐུགས་རིག་མཆོག་ཏུ་དྭངས་ཤིང་དགེ་བ་ལ་འབད་མེད་དུ་འཇུག་པ་སོགས་སྔོན་བས་ཀྱང་བདེ་བར་གྱུར་ཞེས་གྲག་ན། བདག་ཉིད་ཆེན་པོ་འདི་ངེས་པར་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་མང་པོ་ལ་སྙོམས་པར་ཞུགས་པར་གདོན་མི་འཚལ་བས། དེ་ལྟ་བུའི་མཐུ་དཔལ་འབའ་ཞིག་ཏུ་གོར་མ་ཆག་གོ། །
ཐ་མལ་མངལ་གནས་འདམ་རྫབ་དང་འདྲ་ཡང༌། །
ཁྱོད་སྐུ་ལྷ་ཡི་རྫུ་འཕྲུལ་གྱིས་སྤྲུལ་བའི། །
ངོ་མཚར་མངལ་གྱི་གཞལ་མེད་ཁང་ཆེན་དེར། །
ཏིང་འཛིན་གནས་ལ་གཡོ་མེད་བརྟན་པར་བཞུགས། །
སྤྲིན་དཀར་དྲ་བས་གཡོགས་ཀྱང་ཉིན་བྱེད་ནི། །
མཁའ་ལ་འཇའ་ཚོན་ཕྲེང་བས་མཛེས་པ་ལྟར། །
ཁྱོད་སྐུ་ཡུམ་གྱི་ལྷུམས་སུ་བཞུགས་ཚེ་ཡང༌། །
དགེ་ལེགས་མཚན་མས་ནོར་འཛིན་ཁྱབ་པར་