R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 122
[A:122]བདུན་མཆོད་པ་ལྷན་ཅིག་པའི་ཉིན་རངས་མང་ཇ་བཅུ་གསུམ་སྦྲེལ། ཆོས་ཉན་པ་ཀུན་ལ་འབུལ་བ་རྣམ་གཞག་གྱ་ནོམ་པ་ཕྱིན། བསྔོ་བའི་སྐབས་བྲེ་མོའི་ཚུལ་དུ། སྔོན་བསྟན་པ་ཡར་ལྡན་གྱི་དུས་སློབ་མས་བླ་མ་ལ་འབུལ་བ་སྲོལ་དུ་འདུག་ནའང། ད་དུས་ཀྱི་སྟབས་ནས་ངེད་བླ་མས། སློབ་མ་ལ་ཆོས་ཉན་པའི་དྲིན་སོབ་ཏུ་འབུལ་བ་ཡིན། ངེད་ན་ནིང་དབུས་གཙང་ལ་རྐང་བཙུགས་ཕྱིན་པའི་དགོས་པ་ཤངས་ཆོས་ལྷག་མ་ལུས་པ་རྫོགས་པར་ཞུ་བ་དང། བཀའ་རྒྱུད་ཤངས་པའི་གནས་རྣམས་སུ་ཚོགས་འཁོར་རེའི་འབྲེལ་ཞུ་བ་ཁོ་ན་ལ་བློ་རྩེ་གཏད། སྒྲུབ་གནས་ཞོང་གཤོང་མ། སྲིན་མོ། ལྕགས་པོ་རྩེ། རྨོག་ཅོག་ཀུན་ལུང། སྐྱེར་སྒང། ཡོལ་བུ་རེ་གོང། བྲག་ཆེན། ལྗགས་སོགས་གནས་ཐ་དད་དུ་ཚོགས་ཀྱི་རྣམ་པ་རེ་དང་བཅས་སྨོན་ལམ་སྙིང་ནས་བཏབ། ཡོལ་ཕུའི་མགོན་པོ་རང་བྱོན་ལ་བརྟག་པ་ཞུས་པས། རྒྱ་སྒོམ་ལུང་བསྟན་པ་བཞིན་ཞབས་ལ་གཏུགས། ཁྱེད་རྣམས་ལ་བྱིན་པའི་ཆོས་དེ་རྣམས་བསྟན་ཐོག་གཅིག་ཏུ་རྫོགས་པར་བསྩལ་སྐབས་དེར་འབྲུམ་བུ་བཏབ། ཤིན་ཏུ་བྲོ་འཚལ་བར་གྱུར་ཀྱང་བསགས་སྦྱང་དུ་གོ་བས་མ་ཞུམ་པའི་སྙིང་སྟོབས་ཀྱིས་ཆོས་སྣ་གཅིག་མ་ཆད་པར་ལོངས་ནའང། ས་བྱེས་ཡུལ་དུ་སོང་འབུལ་བ་ཚོགས་འཁོར་རྒྱ་ཆེན་བསྒྲུབ་རྒྱུ་མེད་པས་ཡིད་ནོངས་པར་བྱུང་ནས། ཆོས་ཀྱི་སྐུ་དྲིན་བསོབ་ལ། ནི་གུའི་ཁྲིད་བརྒྱ་རྩ་བརྒྱད་འཆད་པའི་དམ་བཅའ་ཕུལ་བས། རྒྱ་བསྒོམ་ཆེན་པོའི་ཞལ་ནས། ཁྱེད་ནི་གུ་མ་དངོས་དང་མཇལ་བས་ཐུགས་མ་ཚིམ་པར། ངེད་གང་ཟག་སོ་སྐྱེ་ལ་ཆོས་ནན་བསྐྱེད་དགོས་གསུང་བ་གང་ནས་བསམས་ཀྱང་འཇིགས་པར་བྱུང་ཀྱང། རྨི་ལམ་ལྟ་བུའི་ཉམས་ལ་མགོན་པོ་འཁོར་བཅས་ཀྱིས་ཆོས་རྫོགས་པར་