R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 121
[A:121]དཀྱིལ་འཁོར་ལེགས་པར་བཞེངས་ནས། དབང་གི་བྱ་བ་བརྒྱུད་པའི་ཕྱག་སྲོལ་ལྟར་མ་འཆུགས་པར་ཟབ་རྒྱས་ཀྱི་ཆོས་སྒོ་ཕྱེ་ནས། བྱིན་རླབས་དགོས་བཀའ་སོ་སོ་ལའང་གང་ལ་གང་དགོས་ཀྱི་དཀྱིལ་འཁོར། དབང་རྫས་སོགས་ཕན་ཚུན་སྤུ་ཙམ་ཡང་མ་འཁྲུགས་པའི་སྒོ་ནས་སྒྱུ་སྐར་འཆར་བའི་རིམ་པ་ལྟར་དེ་དང་དེ་ཐད་དུ་སྔ་ཕྱི་མེད་པ་གཟེར་བུ་བཏབ། ཁྲིད་ཁ་བཅུ་གསུམ་གྱི་སྔོན་འགྲོ་མི་རྟག་སྐྱོ་ཤས་ནས་མཐར་བསྟེན་དག་སྣང་རྗེས་སུ་ཡི་རང་གི་བར་དམིགས་པ། ངོ་སྤྲོད། འཁྲུལ་འཁོར། ལུང། ལག་ལེན་ཀུན་སྡོམས་ཟླ་བ་ཕྱེད་གསུམ་གྱི་བར་ཉིན་རེ་བཞིན་རྒྱུན་མ་ཆད་པར་བསྒྲུབས་པའི་སྐབས། ག་ཎ་ཙཀྲའི་པུ་ཛ་གྱ་ནོམ་པ་དབང་རེ་རེ་བཞིན་མ་ཆད་པའི་ཚོགས་བརྒྱ་རྩ་འབད་མེད་ལྷུན་གྲུབ་ཏུ་བྱུང་སྟེ། དེ་དུས་ཚོགས་ལྷག་དོར་བའི་ས་ཕྱོགས་ཡུན་རིང་པོའི་བར་སྣུམ་གྱིས་ཡོངས་སུ་སྦགས་པའི་རང་བཞིན་ཅན་དང། ཇི་ལྟ་བའི་ཚོགས་བཟང་བ་བྱུང་ཡང་རང་གི་ཁམས་ཚོད་དང་བསྟུན་ཆེ་འབྲིང་ཆུང་གསུམ་ལོངས་སྤྱད་པའི་མཐར། ལྷག་ཀུན་གཏོར་མར་བྱིན་གྱིས་རླབས། མ་ཆགས་པའི་སྦྱིན་གཏོང་ལྷུར་ལེན་པ་ལ། སྐམ་ཆགས་ཀྱི་བསམ་པས་ཆང་བུ་གཅིག་ཀྱང་མི་འཁྱེར་བའི་མིག་ལྟོས་བཟང་པོའི་ཕྱག་ལེན་ལ་བཀོད་ཅིང། ཚོགས་ཞུ་མི་བཟང་བའི་དུས་ཤ་མར་མི་ཁུར་གཉིས་ལོང་ཙམ་བཞི་མདོར་དཔུངས་པས་བྱ་ཁྱི་རྣམས་ཀྱང་ཞེ་ལོག། རྣམ་པ་ཙམ་གྱིས་ཚིམ་པར་གྱུར་པའི་ཚུལ་ཡུལ་ཕྱོགས་ཀྱི་ལམ་འགྲུལ་བ་ཚུན་གྱིས་མིག་ལམ་དུ་གསལ་བ་དེ་ཡིན། དེ་ལྟར་ཤངས་ཆོས་ཡོངས་སུ་རྫོགས་པའི་སྒོ་དེ་ཉིད་ཟླ་བ་དགུ་པའི་ཚེས་གཅིག་ནས། བཅུ་གཅིག་པའི་བཅུ་བདུན་གྱི་རིང་ལ་བར་ཆད་མེད་པར་མཐར་ཕྱིན་པའི་ཆོས་ཀྱི་གྲོལ་སྟོན་དང། བཅུ་