R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 123
[A:123]བགྱི་ཅེས་ཡང་ཡང་བསྐུལ་བའི་མཚན་མ་བརྫུན་མེད་བྱུང་བ་དང། འདི་ལྟར་ཤིན་དུ་ཁམས་དུབ་པ་ལ་ཡང་བསྟན་པ་དང་སེམས་ཅན་ལ་དགོངས། ཉིན་མཚན་རྒྱུན་མ་ཆད་པར་ཆོས་གསན་ལུགས། བདག་ལས་ལ་བཀོད་པའི་ཕྱག་བརྒྱ་འབུལ་ཉིན་རེ་བཞིན་གནང་བའི་རྣམ་ཐར་མངོན་སུམ་དུ་མཐོང་བ་འདིས་ཡིད་ཆེས་རུངས་པའི་གཏིང་ནས་སྐྱེས། ཅི་ཡོད་ཀྱི་གདམས་པ་ལྷག་མ་ལུས་པ་བུམ་པ་གང་བྱོར་ཕྱག་ཏུ་ཐེངས། ཆོས་བདག་པོ་ལ་འཕྲོད་པ་མི་རྒན་ད་ལྟ་ཤི་ཡང་བློ་བདེ། བྱེས་ཡུལ་གང་དུ་ཤངས་ཆོས་གནང་ཀྱང་བར་ཆད་མེད་པའི་ཁག་ངས་ལེན། ཁྲིད་བརྒྱ་རྩའི་སྟེངས་སུ་དངོས་གྲུབ་ཀྱི་ཕ་ཕོགས་ཆེན་པོ་ཡང་ཡོང་གསུང་བའི་བཀའ་ལུང་བཟང་པོ་དངོས་སུ་ཕེབས་པ་ཡིན་པས། ཁྱེད་རྣམས་ཡིད་ཆེས་པར་གྱིས་ཅེས་གནས་ལུགས་བརྗོད་པས། དེར་འདུས་ཀྱི་བདག་དཔོན་སློབ་ཐམས་ཅད་དགའ་བ་དང་སྐྱོ་བ་ཟུང་སྦྲེལ་གྱི་མཆི་མ་ལྷུག་པར་བྱུང་ངོ༎ ཚོགས་དེ་ནང་དུ་མ་ཎི་དུང་འགྱུར་རང་རང་གི་ལྕེ་ཐོག་ནས་འདྲེན་པ་དང། གཞན་མང་པོ་བསྙེན་བཀུར་བཏེག་ཏེ་དུང་འགྱུར་འཇུག་མི་བཅུ་བདུན་བྱུང་རང་གི་ཚོགས་གསོག་པ་ཙམ་ལས་མ་འགྲུབ་པ་དེ་ལ། ཁྲིད་ཀྱི་མགོ་རང་ལ་བཟང་ཞིང་གྱ་ནོམ་པའི་ག་ཎ་ཙཀྲ་བློ་འདས་བྱུང་བ་དང། ལོ་ཆེན་དྲུང་དུ་ཁས་བླངས་པའི་མ་ཎི་དུང་འགྱུར་གྱི་དབུ་ཚུགས། དགེ་བཤེས་ཤ་སྟག་རང་འདུས་པའི་ལམ་འབྲས་དེ་ཡང་དེ་ཉིན་ཀ་ཚུགས་ཙམ་བགྱིས་ནས་བསམ་པ་ལྷག་པར་རངས་པའི་ངང་ནས་ཉལ་བའི་རྨི་ལམ་དུ། བདག་སྔར་འབྲུམ་བུས་ན་བའི་རི་ཁྲོད་དེ་ན་འདུག་པའི་མདུན་གྱི་ནམ་མཁར་རྒྱ་སྒོམ་རི་ཁྲོད་པ་དེ་ཉིད་སྐུ་གཟི་མདངས་སྔར་ལས་ཀྱང་ཆེ་བ། གཡས་གཡོན་སྟེང་འོག་ཐམས་ཅད་ན་