[A:125]བསྐུལ་གྱི་དམ་བཅའ་ཕུལ་བ་ལྟར་ཕྱོགས་མེད་ཀྱི་འགྲོ་དོན་ལ་དམིགས། ཆུ་བཟང་བ་འདུག་པས་བྱང་ཕྱོགས་ཀྱི་རི་ཁྲོད་སྤོ་དམར་དུ་ཕྱིན། ས་དེར་བ་ལུང་སྙིང་རྗེ་ཅན་དཔོན་སློབ། དད་ཅན་གྱི་སྐྱེ་བོ་དུ་མ་དང་བཅས་དོལ་ཕྱོགས་ནས་ཕེབས། མོས་ལྡན་གྱི་སློབ་མ་དགེ་སློང་ཚུལ་འདོད་པས་གཙོ་མཛད་སྤྲིན་ཆེན་པའི་དགེ་འདུན་མང་བ། དྲུང་དཔལ་ལྡན་རིན་ཆེན་པ་དང། སྨན་ཁྲོད་པའི་ཐུགས་དམ་པ་འགའ་རེ། བཀྲ་དུམ་པའི་ཆེ་བསྒྲེས་དྲག་པ་དུ་མ། དབུ་ལེགས། ཆོས་ལུང། དགོན་པར། ཁོ་ལ་སྤྲོ། འབྲོག་ཕྱོགས་ཀྱི་དགོན་སྡེ་སོ་སོ་ནས་འདུས་པའི་ཆོས་ཉན་པ་ཤིན་ཏུ་མང་བ་ལ་སླར་ཡང་ནི་གུའི་ཁྲིད་སྤྱི་ཉེ་བར་དྲིལ་བའི་འབྲིང་པོ་གཞུང་བཀའ་ཉེར་ལྔ་དང་སྦྲེལ། དམིགས་པ་འདྲིལ་ཞིང་འདོམས་ཆེ་བའི་གོ་བདེ་ཀུན་གྱི་སྙིང་ལ་འབབ་པ་འབད་མེད་དུ་བྱུང། ཁྱད་པར་རྒྱབ་རྟེན་སྒྱུ་མ་ལམ་རིམ་རྩ་བྲལ་ལ་མཐའ་ཆོད་ཀྱི་བཤད་པ་སྐྱར་ཆོས་ཡོད་པ་བྱས། དྲུང་བ་ལུང་པ་སོགས་ཀྱིས་སྔར་མ་གསན་པའི་སྟབས་རྒྱུད་སྡེ་ལྔ། བདེ་མཆོག་ནག་པོ་པ། ཕྱག་བཞི་པའི་དབང་བཞི་རྫོགས་སོགས་འདུས་པ་རྣམས་འདོད་ཆོས་ཀྱི་རེ་བ་གང་བར་བགྱིས། ཕྱོགས་ནས་འོངས་པའི་མི་ནག་གི་སྐྱེ་བོ་གྲངས་མེད་བྱུང་བ་ལ་ཉིན་རེ་བཞིན་ཚེ་དབང། རྒྱུ་འབྲས་ལ་ཡིད་ཆེས་པའི་སྤྱི་ཆོས་ཐུན་མི་འཆག་ཏུ་བཤད་པས་སེམས་འཁུལ། མ་ཎི་དུང་འགྱུར་འཇུག་མཁན་དང་རང་གི་ལྕེ་ཐོག་ནས་ལེན་མི། དྲུང་བ་ལུང་པ་སོགས་བླ་མ་རྣམ་པས་གཞན་ལ་བསྐུལ་ཏེ། དུང་འགྱུར་སྤེལ་བའི་དམ་བཅའི་ཁུར་བཞེས་གྲངས་སུ་བཏབ་པས་ཉི་ཤུ་རྩ་ལྔ་བྱུང་ནས་སླར་བྲག་སྟེང་རང་དུ་ལོག། དོན་གཉེར་ཉུང་ཤས་ལ་བཀའ་འབུམ་པོད་བཞི་མའི་ལུང། ལམ་འབྲས་ཀྱི་ཆ་ལག་