[A:29]བྱེད། མཁས་ཉམས་ཀྱི་རྟེན་འབྲེལ་ལེགས་ས་ནས་འབུལ་དགོས་པས། སངས་རྒྱས་པའི་རྒྱུ་ཡིན་ན་ཤེས་རབ་མ་ཡིན་པ་ཕུད་སོགས་དེ་དུས་ངག་སློབ་བྱས་པའི་བསྡུས་སྦྱོར་རྣམས་གོ་རིམ་ཕྲ་མོ་ཙམ་གྱི་ཚིག་ཟུར་ཡང་མ་བརྗེད་པ་ད་ལྟའི་བར་དུ་གནས། དེ་ལོ་ནས་གཞུང་ཆེན་རྣམས་འཛིན་པའི་དབུ་བཙུགས་ཏེ། ཐོག་མར་ས་སྐྱ་པའི་མོས་ཞེན་བྱས། སྡོམ་རིག་གཉིས་བློ་ལ་བཙུད་པའི་ཚེའང། ཞོགས་རེ་ལ་གཞུང་ཤོག་རེ་ཙམ་གཟུང་ཞིང། བཤར་སྦྱང་ཧ་ཅང་མ་བྱས་ཀྱང་ནམ་ཡིན་དུ་གཙང་ཞིང་མ་འདྲེས་པར་ཐོན་པའི་ངང་ནས། དྲུང་པ་ཆོས་རྗེ་ལ་འཕྲག་སྣོན་ཕུལ་བས། རེ་ཤིག་དེས་འཛིན་གཞན་ཤོལ་ལ། གཞུང་གཉིས་པོ་བརྒྱ་ཚར་རེ་ལྕེ་ཐོག་ནས་བཤོར་དུ་ཆུག་གསུང་བའི་བཀའ་བསྩལ་སློབ་དཔོན་པ་ལ་གནང་བ་ཇི་ལྟ་བ་བཞིན་དུ་བསྒྲུབས་རྗེས། དཔེ་ཆའི་ཡིག་སྤྱི་ཚུན་གསལ་པོ་བློ་ལ་ཤར་ནས། མིག་བཙུམས་ཏེ་གཞུང་གི་རྐང་པ་རེ་རེ་ནས་ལུགས་ལྡོག་ཏུ་བཏོན་པ་དེ་ཤོག་འདེབས་རེ་རེ་གཉིས་གཉིས་ལ་འཐོགས་ཐུག་མེད་པར་ཐོན་པ་བྱུང་སྟེ། དེ་དུས་ཀྱི་དཔེ་བསྣོན་གྲོགས་ལྡན་པ་ད་ལྟ་ཡང་ཤིན་ཏུ་མང་བར་ཡོད། དེ་མཚམས་ཕར་ཚད་འདུལ་མངོན། བྱམས་ཆོས་ལྷག་མ་བཞི། སྤྱོད་འཇུག་བཤེས་སྤྲིང་སོགས་བློ་ལ་ཟིན་རྗེས། དྲུང་པ་ཆོས་རྗེ་ལ་འཕྲག་བསྣོན་འབུལ་བ་དང། གཞུང་རེ་རེ་ཡང་བརྒྱ་ཚར་དུ་བཤོར་བ་གོང་བཞིན་བྱས། ཕ་མ་འབྱོར་ལྡན་གྱི་དྲིན་ལས། རྣམ་འགྲེལ་གྱི་ཞོ་འཐུང་སྟོན་མོ། ཚད་འབྲས་མར་ཁུ། གཞུང་རྫོགས་སྟོན་མོ། ཕར་ཕྱིན་གྱི་སྐབས་སྟོན་སོགས་ཀྱིས། སློབ་དཔོན། གྲྭ་པ། དཔེ་འཛིན་རོགས་ཀུན་ཚིམ་པར་བྱས་ཤིང། སྐབས་དེར། པཎ་ཆེན་རིན་པོ་ཆེ་བྱམས་པ་གླིང་པ་དེས་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་ཞལ་