R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 30
[A:30]གཟིགས་པ་ཡིན་ཟེར་བའི་གྲགས་པ་འདུག་ཅིང། རིག་པའི་གནས་ལྔ་ལ་ཕུལ་དུ་བྱུང་བའི་མཁྱེན་པ་མངའ་བ། རི་མོ་ཡང་སྤྱན་གྱིས་གཟིགས་པ་ལ་མ་ལྟོས་པར། སྐུ་རྒྱབ་རུ་རྩོལ་མེད་འདྲི་བ་མངོན་སུམ་དུ་གནང་བ་ཐོས་ཤིང་མཐོང་བས་མོས་པར་བྱུང། འདི་ལྟ་བུའི་མཁྱེན་རབ་ཀྱི་རྒྱུན་བདག་ལ་འཕོས་ན་སྙམ། ཕག་དཀར་གྱི་བྱིན་རླབས་ཅིག་གནང་དགོས་ཞུས་པས། དྲུང་པ་སྐུ་ན་གཞོན་ནུ་ནས་ཐུགས་རྫོགས་ཆེ་བའི་སྙན་པ་ཡང་ཡང་ཐོས་པས་ཡ་མཚན་ཆེ། ད་བསྟན་པ་ལ་ཕན་པའི་དགེ་བའི་བཤེས་གཉེན་ཆེན་པོ་གཅིག་གི་ཁུར་བཞེས་གནང་དགོས་གསུང་ཞིང། དགེས་པ་དང་བཅས་ཏེ་བྱིན་རླབས་ཟབ་ནས་གནང། དེ་དུས་ལྕེའི་སྟེང་དུ་གྷི་ཧུ་ཝཾ་གི་ལཉྫའི་ཧྲིཿ་འདྲི་བ་སོགས་བློ་རྣོ་བའི་ཆོ་གའི་ལེགས་བྱས་ཡང་མཛད་ཀྱི་འདུག་པ་ངེས། དེའི་རྗེས་སུ་སློབ་དཔོན་ཀོང་ཀ་སྦྱིན་གྱིས་མཛད་པའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་དེ་རྗེ་རང་གིས་ཕྱག་བྲིས་སུ་སུམ་བིད་མཛད་དེ་གནང་ཞིང། བླ་མ་འདིས་བདག་ལ་ཐུགས་དཀར་བའི་ཆའི་བཀའ་དྲིན་ནམ་དུ་ཡང་མི་འཁོར་བ་ལྟ་བུ་ཡོད། དེ་དུས་ཤེས་རབ་ཆེན་པོ་རང་ཅིག་བྱེད་དགོས་བསམ་ཏེ། བྱང་སེམས་རིན་པོ་ཆེ་ལ། ཤེས་རབ་འཕེལ་བའི་ལྷ་རིགས་འཇམ་དཀར། དབྱངས་ཅན་མ། མི་གཡོ་བ། ཤེར་ཕྱིན་དཀར་མོ་རྣམས་ཀྱི་བསྒྲུབ་སྐོར་ཞུས་ཤིང། དྲུང་པ་ཆོས་རྗེའི་སྤྱན་སྔར། ཨ་ར་པ་ཙ། སྨྲ་སེང། འཇམ་དཀར་བསྟན་པའི་འཁོར་ལོ། གང་བློ་མའི་བསྟོད་སྒྲུབ། འཇམ་དབྱངས་རྣོན་པོ་རྣམས་ཀྱི་སྒྲུབ་སྐོར་ནོས། དེའི་དབྱར་ལོ་ཕུ་ཕག་བསྐྱེད་ཚལ་དུ་ལྷ་ཆུང་ཆུང་དེ་རྣམས་ཀྱིས་མངོན་རྟོགས་དང་འབྲེལ་བའི་ཟླས་བརྗོད་ལ་འགྲུས་པ་དང། ཉི་ཟླ་གཟའ་འཛིན་བྱུང་ངོ་ཅོག་ལ་ལྷ་སོ་སོ་ལ་