[A:28]ཚིག།
ཚེ་འདི་ལ་ཞེན་ན་ཆོས་པ་མིན༎
འཁོར་བ་ལ་ཞེན་ན་ངེས་འབྱུང་མིན༎
བདག་དོན་ལ་ཞེན་ན་བྱང་སེམས་མིན༎
འཛིན་པ་བྱུང་ན་བལྟ་བ་མིན༎
ཅེས་པ་འདི་ཡང་ཡང་འགྲོ་འདུག་གི་སྐབས་ལྷང་ལྷང་སྨྲས་པ་ད་ལྟའི་དྲན་ཡུལ་ན་ཡང་འདུག་ཅིང། ཨ་མ། སྤུན་ཟླ་ཐ་ན་བྲན་ཁོལ་ཚུན་གྱིའང་བློ་ལ་ཚིག་དེ་འཇགས་འདུག། དེ་དུས་སྐད་ཕྲ་མོ་གླིང་བུ་ལྟར་སྙན་པ་ཅིག་ཡོད་པས། རྗེ་བཙུན་གྲགས་པའི་ཞེན་པ་བཞི་བྲལ་གྱི་རྟོག་མགུར་རྣམས་དགོངས་མཆོད་སྐབས་འགོལ་དུས་ཡབ་ཡུམ་ཐམས་ཅད་གདན་འཛོམ་པའི་སྤྱན་སྔར་ཉིན་རེ་བཞིན་ལན་དགོས་པ་ལ། ཨ་ཕྱི་བགྲེས་མོ་ཅིག་ཡོད་པ་དེ་ངེས་འབྱུང་དང། དད་པ་བླ་ལྷག་ཏུ་འཁྲུངས་པའི་སྤྱན་ཆབ་མང་པོ་བསིལ་བ་རང་གནང་བ་དྲན། ང་རང་ཡང་ཆུང་ཆུང་གི་དུས་ངེས་འབྱུང་གི་སེམས་ཀྱིས་དྲངས་པའི་ཕྱག་མཆོད་འབུལ་བ་ལ་སྤྲོ་ཞིང། རྟེན་གསུམ་གང་ན་བཞུགས་པའི་སར་མཆོད་གཤོམ་དང། དཀར་མེ་ལྷ་བཤོས། དབྱར་དུས་མེ་ཏོག་སོགས་གཙང་ཞིང། བཀོད་པས་ཐོ་བའི་ཚོགས་བསོག་པའི་མདུན་པ་ལ་རང་གིས་མི་ཁྲེལ། སྔོན་གྱི་གོམ་པ་མཐུ་བརྟས་པའི་དབང་གིས་བླང་དོར་གྱི་གནས་ཕྲ་རགས་ཀུན་ལ་བཟོ་མེད་ཤུགས་འབྱུང་དུ་སྤྱོད་པའི་བརྟུལ་ཞུགས་དཔའ་མ་ཞུམས་པ། གང་ལ་ཡང་འཇིགས་པ་མེད་པའི་བློ་རྩལ་གྱི་འཆར་སྒོ་སུ་རུང་རུང་གིས་ནན་ཏུར་དུ་བཅོ་མི་ཐུབ་པ་ཅིག་དེ་དུས་ཡོད། སྐབས་ཤེད་དུ་ཡབ་ཀྱིས་བཀའ་ཞལ་ནས། དུས་ཚེས་བཟང་པོ་ཡོད་ཟེར་བ་ཅིག་གི་ཉིན། ཆོས་རྗེ་དྲུང་བཙུན་པ་ལ་བསྡུས་པ་བརྩི་བའི་དུས། ཁོང་གི་གསུང་ནས། ཁྱེད་ཤེས་རབ་ཆེ་ཞིང་ཐུགས་བག་ཆགས་བསད་པ་ཅིག་འདུག་པས། ས་དཀར་ཆོས་ཅན་ནས་བརྩི་བ་དེ་འདྲ་མི་