R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 133
[A:133]པའི་སྔགས་འབྲུ་འགའ་ཞིག་བློ་ལ་ཡོད་པ་ཤུབ་ཤུབ་བགྲངས་པས་ཁོང་གསུམ་ཀས་དེ་གར་སོང་ཟེར་མིག་ཧུར་ཧུར་འདུག་པ་ལ། ད་མི་མཐོང་བ་འདུག་པས། ཛོ་ཀི་དེས་ང་མ་ལུས་འདུག། ཁོང་གསུམ་ཅི་ལབ་ཉན་དགོས་སྙམས་ཤེས་པ་བསྒྲིམས་པས། ད་ལོ་ཁུགས་ངེས་ཡོད་ཀྱང་སྙེམས་ཅིག་ཀ་བྱུང། སང་ཕོད་ངེས་པར་བསླུ་བ་མེད་ཟེར་ཅེས་པའི་ཚིག་དེས་སེམས་ལ་གཟེར་བླངས་པ་འདྲ་བ་ཅིག་བྱས་གཉིད་དེ་སད་འཕྲལ་བསམ་པས། ང་དང་ཨ་མ་དེའི་ཚེ་འདིའི་འགྲོགས་འགྲོལ་ལོ་ངོ་གཉིས་པོ་འདིར་འདུག་སྙམ་མཆི་མ་རང་དབང་མེད་པ་ཤོར། དེ་ཉིན་རྣལ་འབྱོར་པ་ཕྲིན་ལས་དབང་འབྱོར་བ་གྲོགས་མཆེད་ལ་སྔར་ཆད་པའི་སེམས་ཉིད་ངལ་གསོའི་ཁྲིད་དགོས་ཟེར་རྟིང་བསྐུལ་བྱེད་དུ་བྱུང་པ་ལ། མདང་རང་བསྙེན་བསྒྲུབ་གྲོལ་དེ་རིང་ཙམ་ལ་བསོད་བསྟེན་ན་སྐབས་སུ་བབ་པར་འདུག་ཀྱང། ཁྱེད་རྣམ་པ་གཉིས་གངས་དཀར་པོ་ལ་སྣ་གཏད། སྤྲིན་དཀར་པོ་ལ་ཚད་བཙུགས། ངེད་བསྙེགས་པ་ཆོས་ཁོ་ནའི་ཕྱིར་དུ་ཡིན་པས་བྱེད་དགོས་སྨྲས། ངལ་གསོ་བརྒྱུད་པའི་རྣམ་ཐར་གྱི་ལུང་ཙམ་བསྒྲགས་པའི་ངང་ལ། མདངས་ནུབ་ཀྱི་རྨི་ལམ་འཆར་སྒོ་སླར་དྲན་ནས། ཆོས་མཚམས་དེ་ཁ་ལ་བགྱི། འོ་སྐོལ་གྱི་ཡུམ་རིན་མོ་ཆེ་སྙུང་བ་ནི་མེད་དམ། གང་ནའང་སང་ཕོད་ད་ཙམ་བར་ལས་བསྟན་དགོས་པ་ཅིག་མི་ཡོང་འདུག་བྱས། དཔོན་སློབ་རྣམས་པ་ས་ནས་དགོངས་ཐུན་ལ་བཞུགས། སྲོད་ཇའི་དུས་དགེ་སློང་རྣམ་པས། གསུང་ཆོས་སྐབས་གནང་བའི་བཀའ་ཞལ་དེ་ལྷག་པར་འཇིགས། ཐུགས་དམ་ལྟས་ཞིག་བྱུང་བ་ལགས་སམ་ཟེར་བ་ལ། ལྟས་རྒྱུ་མི་འདུག། ཁྱེད་རང་རྣམ་པ་གཅེར་ལོང་འོན་ཐོས་ལ་སོང་འདུག་པ། ང་ལོ་ཆེན་དྲུང་ནས་འདི་ཕྱོགས་སུ་