[A:134]རྐང་གཏོད་ཡོངས་པའི་དགོས་པ་འདི་ཀ་ཡིན་མ་སྨྲས་སམ། རྒྱུ་གཟེའི་ལྟས་དེ་ཡང་འདི་ལས་གཞན་དུ་འཛོལ་མེད། རང་ངོས་ནས་འཁོར་བའི་འཐེན་ཐག་ཆོད་པར་འདུག་སྟེ། གཞན་སྤྱི་དགོས་ཀྱི་བྱ་བ་གང་ལའང་སྲན་ཕུང་ལ་རྡོ་རྒྱབ་པ་འདྲ་བ་ཅིག་ཀ་ཡོང་ཟེར་བའི་རིན་ལ། བུག་སྒོ་བཅོག་པ་ཙམ་བརྡུང་བ་ལ་བརྡ་ལོན་སྤྲད་པས། ཡུམ་གྱི་དུང་མདངས་ཐོ་རངས་ཁ་ནས་སྐུ་ཁམས་བསྙེལ། ཉིན་མོ་ཧ་ཅང་ཐུ་བ་མ་བྱུང་པས་ཐུགས་དམ་སད་དུ་འགྲོ་བརྡ་མ་འབུལ་གསུང་འཐེན་པ་ཡིན་ཀྱང། རྒོངས་ཕྱོངས་མན་ཇེ་ལོད་ལ་སོང། ད་ལྟ་འཚོ་བྱེད་པ་རྣམས་ཕྱག་རྩ་ཡང་མི་འདུག་ཟེར། ཆིབས་ཁྱེར་སྤྱན་འདྲེན་ལ་ཡོངས་པ་ཡིན། མྱུར་དུ་མ་ཕེབས་ན་ཞལ་མི་མཇལ་བ་ཡོད་ཟེར་རྩབ་རྩོབ་འདུག་པ་ལ། ངས་རིངས་ན་སློད་ཡིན། ཇ་ཅིག་འཐུངས་བྱས་བསྐོལ་བས། དགེ་སློང་རྣམ་པ་ཡང་ད་ཕེབས་པ་དྲག། གལ་སྲིད་ཡུམ་སྲས་མ་མཇལ་ན་ཇ་འཐུང་གིན་བཞུགས་ཟེར་གཏམ་ཡང་ངན་ཟེར་བ་ལ། རྨོངས་པ་ཁྱེད་ལ་ཅི་ལབ་ཀྱང་གོ་རིག་མི་འདུག། ང་ཇ་མ་འཐུངས་པའི་མི་འགྲོ། སྡུག་བསྔལ་ཡོད་ན་ད་གཟོད་གྱིས་བྱས་པའི་རིན་ལ་ཇ་ཐོན་བྱུང། དེ་ནས་སྙུར་ཕྱིན་པས་རྣམ་རྒྱལ་གྱི་གཟིམས་ཆུང་དེ་ན་འདུག། ཁོང་རྣམ་པ་ཕེབས་པའི་དུས་མ་བྱུང་ཟེར་ཁ་ཤུ་ཤུ་བྱེད་ཀྱི་འདུག། ངས་ཡུམ་གྱི་དབུ་བསྔས་དེར་བསྡད་སྒྲོན་མེ་བཏེགས་བལྟས་པས་ཞལ་རས་སེར་ཡལ་པ་ཅིག་འདུག། སྙིང་ན་སྐམ་པ་ཅིག་བྱུང་རྗེས། ལག་པ་བསྐྱངས་ཐུགས་ཀར་བཞག་པས་ཐུགས་ཕིར་ཕིར་འདུག། དེ་ནི་གུའི་བརྒྱུད་འདེབས་གདངས་མ་ཞིག་སྐད་གཟེངས་ཕྱུང་སྟེ་གྱེར་བས། ཕྱི་ན་ཡོད་པ་ཀུན་ད་འཕོ་བ་བཏབ་པ་ཡིན་ཟེར་ངུ་ཅིའི་བེར་ལངས། ལུང་པ་ཀུན་ཏུ་གྲོང་པར་