[A:136]ཡང་ཞུས་ཟེར་གྱི་འདུག་ཀྱང། བུ་ཁྱེད་འདྲ་སྐྱེས་ནས་མ་དམྱལ་བར་བཏང་ན་ངོ་ཚ་སྙམ་པའི་ཐུགས་ཀྱི་བརྗེད་བསོ་ལ་མི་ཞུ་གསུང་ཞལ་འཛུམ་འཛུམ་གནང་གིན་འདུག། དེར་ཚེ་དབང། སྒྲོལ་དཀར། ཆོས་སྐྱོང་གི་གཏོར་དབང་སོགས་ཉིན་རེར་བཞིན་མ་ཆག་པར། ནི་གུའི་ཟབ་ཁྲིད་ཀྱང་རྫོགས་པར་ཕུལ་བའི་མཐར། ག་ཎ་ཙཀྲའི་པུ་ཛའི་གཙོ་མོ་ཡུམ་ཆེན་མོ་ཉིད་ལ་བློས་དམིགས། རྡོ་རྗེ་རྣལ་འབྱོར་མའི་ཚོགས་མཆོད་རྒྱས་པར་བགྱིས་པ། རང་ངོའི་བཟའ་བཏུང་ལོངས་སྤྱོད། སྙན་གྲགས་བདེ་སྐྱིད་གཞན་དོན་ཕྲིན་ལས་ཐམས་ཅད་ཀྱི་རྟེན་འབྲེལ་དོ་ཁོ་ནས་འགྲིག་ཅིང། དེར་ཡུམ་སྲས་ཐུགས་ཕབ་པའི་འདས་མ་འོངས་ཀྱི་བྱུང་ཚུལ། སླད་ནས་ཀྱི་སྨོན་ལམ་དུ་མ་ཡང་ཕན་ཚུན་སྙིང་ཐག་པ་ནས་བགྱིས་ཏེ། ངེད་སྔར་གྱི་མཎ་བསྐུལ་ཡུལ་ཁ་ཁ་སོ་སོར་བཙུགས་པ་རྣམས་ལ་ནན་ཅག་བགྱི་བའི་བསམ་པས། དེ་ལོ་ཡང་སྣེ་ཤང་ཡུལ་པོ་ཆེར་ཕྱིན། ས་རོང་ལམ་འཕྲང་དོག་པས་དཔོན་སློབ་ཀུན་ལྷག་པར་སྦྱོང་བར་བྱུང་ཀྱང། བླ་མའི་བཀའ་བསྒྲུབ་པ་ཡིན་སྙམ་བློས་ལོངས་པར་བྱས། དེར་རོང་ཕྱོགས་ཀྱི་འགྲོ་བ་ཕལ་མོ་ཆེའི་སར་ཡི་གེ་དྲུག་པའི་ཆོས་ཀྱིས་ཁྱབ། དེ་དུས་སྡོད་ས་བདེ་རྩ་བརྒྱད་ཀྱི་ཐང་ཡངས་ཤིང་གཅིག་གི་གནས་དེའི་དྲུང་རང་དུ་ཆོས་ཁྲི་བརྩིགས། ཉིན་མཚན་ཁོར་མོར་ཟླ་གཅིག་ཙམ། ཁྲིད་གཅིག་མཇུག་གཅིག་གིས་སྦྲེལ་བའི་ཁྲི་ཐོག་དེ་རང་དུ་ནི་གུ་ཚར་བཅུ་གསུམ་བཏུད་རྗེས། སླར་ཟར་ཕྱོགས་ཀྱི་ཡུལ་ཁ་ཐ་དད་དུ་ན་ནིང་སྤེལ་བའི་མ་ཎི་དུང་འགྱུར་སོང་བ་རྣམས་ལ་བསྔོ་བའི་རྒྱས་འདེབས་དང། ད་དུང་འཇུག་མི་རྣམས་ལ་ནས་ཀྱི་སྟེར་སྦྱིན་སོགས་སྐུལ་ཅག་འཐེམས་པའི་མཐེབ་རྫིས། སོབ་དང་བརྫུན་མ་འདྲེས་པའི་ངེས་གསལ་ལ་