R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 31
[A:31]བརྟེན་པའི་མ་ཥའི་སྦྱོར་བ་མང་དུ་བྱས་ཤིང། ཕག་དཀར། འཇམ་དཀར་དབྱངས་ཅན་མ་སོགས་ལ་བ་གཞོན་དཀར་མོའི་འོ་མས་འཕུལ་བ་དང། ཤེར་ཕྱིན་དཀར་མོ་ལ་མ་བསླད་པའི་སིང་བུས་འཕུལ་བ་སོགས་རྒྱུད་སྡེ་ནས་བཤད་པའི་ལག་ལེན་མ་འཁྲུལ་བར་བསྐྱངས་པས། དུས་དིང་སང་སྦ་བར་མ་ནུས་པའི་བློ་གྲོས་ཀྱི་རྩལ་མངོན་སུམ་དུ་གསལ་བ་འདི་ཡིན། ད་ལྟ་རྒྱུ་འབྲས་ལ་ཡིད་མི་ཆེས། ལག་ལེན་ལ་བློ་མི་གཏད། ལྷ་བསྒོམ་ལ་དང་མ་ཆགས་པར། དངོས་གྲུབ་ཐོབ་པར་འདོད་པ་རྣམས་བྱེད་མ་བཙིར་བས་མར་ཁུ་ལྟ་བུའོ། དེ་ལོ་ཕུ་ཕག་བསྐྱེད་ཚལ་དུ་མཁན་ཆེན་རིན་པོ་ཆེ་དང་མཇལ། བླ་མཆོད་གོང་མ་ཏོག་ནས་བརྒྱུད་པའི་བསྟོད་པ་ཆོས་ཀྱི་རྒྱལ་པོའི་འདོན་ཐབས་དང་བཅས་པ། ཤ་ཝ་ར་སེར་མོའི་རྗེས་གནང། དམར་ནག་གཉིས་ཀྱི་བསྒོམ་ལུང་དང་བཅས་པ་ཐོབ། དེའི་དགུན་དྲུང་པ་ཆོས་རྗེ་ལ། ཐུགས་རྗེ་ཆེན་པོའི་དམར་ཁྲིད། རྟེན་འབྲེལ་སྙིང་པོ། སྐྱིད་སྡུག་ལམ་འཁྱེར། སུམ་པ་ལོ་ཙའི་སྙན་བརྒྱུད། བློ་སྦྱོང་དཔལ་ཡེ་མ་སྟེ་རྒྱལ་སྲས་ཁྲིད་དྲུག་གི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་མ་གཏོགས། གཞན་གོང་སྨོས་ལྔའི་དམིགས་ཁྲིད་སྔ་ཕྱིར་རྒྱལ་སྲས་བཀའ་འབུམ་བཟླས་པ་ལན་བདུན་ལུང་སྨིན་པར་ཐོབ། བསྙུང་གནས་དང་བློ་སྦྱོང་ལ་རྒྱལ་སྲས་བུ་བཞི་ཀའི་རྒྱུད་པའི་ཆུ་བོ་བླ་མ་འདི་ལ་བཞུགས་པ་ཀུན་ཐོབ་པས་ཚིམ་པར་བྱུང། གསུང་ལས་ཀྱང། རྒྱལ་སྲས་ཆོས་རྫོང་པ་ནས་བརྒྱུད་པའི་ཕྱག་ཆེན། རྒྱ་མ་བ་ཡོན་ཏན་འོད་ཀྱི་ཡིག་ཆར་འཁོད་པ་ཅིག་འདུག་པ་འདི་མ་འོངས་པ་ན་ཁྱོད་ཀྱིས་ཐོབ་པར་གྱིས། དེས་རྒྱལ་སྲས་ཁྲིད་དྲུག་ཚང་བ་ཡིན་ཞེས་ནན་ཏན་མཛད་པ་སྙིང་ལ་བཞག། ཡང་དེ་སྐབས་མདོ་སྡེ་དཀོན་བརྩེགས། མདོ་སིལ་བུ་