[A:139]བར་གསང་འདུས་རྣམ་བཤད་ཆེན་མོའི་བཤད་ལུང། བདེ་མཆོག་ནག་པོ་པའི་དབང་ཆ་གཉིས། དར་སྨྱོན་ཧེ་རུ་ཀ་ལས་ཕག་མོ་ཁྲོས་ནག་གི་དབང་ལུང། རང་བྱུང་ཆོས་ཀྱི་རྡོ་རྗེས་བདེ་ཆེན་སྐོར་གསུམ་སོགས་ཁོང་སོ་སོས་ཀྱང་གཅིག་ཐོ་གཅིག་ལ་མ་ཕོག་པར་ཆོས་འཆད་དྲག་ལ་ཡུན་རིང་བ་གནང་ཞིང། སྐབས་དེར་འབྲི་ཁུང་མཁན་རིན་པོ་ཆེ་མགོན་བཟང་པ་དཔོན་སློབ། སོངས་པ་སྐུ་མཆེད་ཀྱི་གཙོ་མཛད། ལྦ་ལྦ་སོགས་མོན་རྒྱལ་པོའི་མངའ་ཞབས་ནས་འོངས་པའི་ཆེ་དགུ། རས་གོས་འབའ་ཞིག་གྱོན་པས་ལུང་པའི་སྟོད་སྨད་ཐམས་ཅད་ངང་དཀར་གྱི་ཁྱུས་གངས་པ་ལྟར་དཀར་པོར་མཐོང་བ། ཁྱད་པར་བུད་མེད་ཐམས་ཅད་སྨད་གཡོགས་རས་ཁྲ་བསུལ་བསྒྲིགས་སུ་བྱས་པའི་ཤམ་ཐབས་མཛེས་པས་དཀྲིས། སྐྲའི་ཚོགས་ལྟག་པར་བཅིངས་པ་ལྷ་མོའི་རྣམ་པ་ཅན་རྐང་ལག་ཐམས་ཅད་གསེར་དངུལ་གྱི་གདུ་བུ་དང། གཡེར་ཁས་རྒྱན་ཏེ། རྒྱང་རིང་པོ་ནས་ཀྱང་སིལ་ཁྲོལ་གྱི་སྒྲ་སྙན་པར་སྒྲོག་པ། དཀྱིལ་འཁོར་པའི་རིགས་མ་བཅུ་དྲུག་ཀྱང་སྣང་ཆ་འདི་ལྟ་བུ་ཡིན་ནོ་སྙམ་པའི་ཡིད་སྤྱོད་ལྷུག་པར་བསྐྱེད་པའི་དད་འདུས་ཀྱི་སྐྱེ་བོ་དཔག་ཏུ་མེད་པས་དགོན་གནས་ཀྱི་ཕྱོགས་ཐམས་ཅད་ཁྱབ་པ་ན། ཡི་གེ་དྲུག་པ་ལས་བརྩམས་པའི་ཆོས་ཀྱི་སྒོ་མདོ་སྡེ་ཟ་མ་ཏོག་བཀོད་པའི་རྒྱལ་པོ་ལ་བཤད་ལུང་སྐད་གཉིས་སུ་སྡེབས་ནས་སྐལ་བཟང་གི་གདུལ་བྱ་རྨད་དུ་བྱུང་བ་དེ་དག་གི་རྣ་བའི་ཁུང་བུར་ཞག་བདུན་གྱི་བར་ཉིན་རེ་ལས་ཉིན་རེ་ཆོས་ཐུན་ཇེ་རྒྱས་སུ་སྤེལ་བའི་ཆོས་ཀྱི་གཏམ་རྒྱ་ཆེར་རྙེད་པས། ཁོང་རང་གི་སྐད་ཀྱིས་འགྲོལ་དེས་ཡིད་ལྷག་པར་རངས་པའི་མགུ་བ་ཐོབ། བྷ་ཌ་གུ་རུ། མཧཱ་པཎྜི་ཏ་ཨ་ཚེ། ཕ་ལ་ཕ་ལ། ཅེས་བརྗོད་ཅིང། ཤིན་ཏུ་གཙང་སྦྲ་དང་