[A:140]ལྡན་པའི་བརྟུལ་ཞུགས་འཆང་བ་དེ་དག་རང་དབང་མེད་པའི་དད་པའི་རླབས་གཡོས། ངེད་རང་གི་ལྷམ་གཙུག་ཏུ་ལེན་པ་སོགས་མི་ཕྱེད་པའི་དད་པ་དང་རྒྱུ་འབྲས་ལ་འཁྲུལ་མེད་དུ་ཡིད་ཆེས་པའི་ཡང་དག་པའི་ལྟ་བས་སྐལ་བ་ཁྱད་པར་ཅན་གྱི་རྙེད་པ་དང་བཅས། ཡི་གེ་དྲུག་མའི་སྒྲ་དི་རི་རི། ཚོང་པ་ནོར་བུའི་གླིང་ནས་རེ་བའི་བསམ་པ་རྫོགས་པ་ལྟར། སླར་རང་གི་ཡུལ་ག་ལ་བ་དེར་ལོག་རྗེས། འབྲི་ཁུང་མཁན་རིན་པོ་ཆེ་དཔོན་སློབ་རྣམས་ལ་ནི་གུའི་མགྱོགས་ཁྲིད། བདེ་མཆོག་དྲིལ་ནག་གསུམ་གྱི་དབང། གཞན་ཡང་དགོངས་བཞེད་ལྟར་གྱི་འདོད་ཆོས་ལྷུག་པར་ཕུལ། མཁན་ཆེན་པ་ཉིད་ཀྱིས་ཆིག་རྫོགས་ཀྱི་གནས་ལེགས་པར་བཞེས། ཐུགས་དད་མོས་བཅོས་མ་མ་ཡིན་པ་སྔར་ནས་ཀྱང་འདུག་ཅིང། སླར་ཡང་འཕེལ་ཏེ་གདུང་ཤུགས་ཀྱི་སྤྱན་ཆབ་སེར་ཕྲན་དྲག་པོ་འབབ་པ་ལ་འགྲན་དུ་བཟོད་པའི་རྒྱུན་ཉིན་མཚན་ཁོར་མོར་གཡོ་བ་དང་བཅས་འབྲལ་བར་མི་ཕོད་པའི་ངང་ནས་འབྲི་ཁུང་གི་གདན་ས་ཆེན་པོ་ཉིད་དུ་ཕྱགས་ཐེགས། ལམ་འབྲས་སོགས་ཆོས་རྣམས་ཀྱང་བར་ཆད་མེད་པར་མཐར་ཕྱིན། མོན་ཕྱོགས་ནས་ཕུལ་བའི་རས་ཆ་སྔོ་དམར། སྨན། མཁར་བའི་ཕོར་གཞོང། ཤིང་འབྲས། ཁྱད་པར་ཟས་མཆོག་པོས་སུ་སྦྱར་བ་ལྷའི་ཞལ་ཟས་ལ་བསྐྲུན་པར་ནུས་པ་དེ་རྣམས་ཅུང་ཟད་ཀྱང་མ་འབགས་པར། གཟེབ་ཆེ་བ་གཅིག་གི་ནང་དུ་བཀུར་སྟིར་བགྱིས་ནས་བདག་གིར་གཟུང། གཞན་འབུལ་བ་ལོངས་སྤྱོད་ཐམས་ཅད་དེར་འདུས་ཀྱི་དགེ་འདུན་ཀུན་ལ་སྣ་ཅིག་ཀྱང་ཆུད་མ་ཟོས་པར་སྦྱིན་གཏོང་བྱས། ས་འདིར་སྐྱ་བཙུན་ཁོངས་སུ་མ་ཎི་དུང་འགྱུར་ཉི་ཤུ་རྩ་ལྔ་འཁྲུལ་མེད་ལེན་མི་བྱུང་བ་རྣམས་བླ་མའི་ཐུགས་དགོངས་རྫོགས་པའི་བསྔོ་བ་