[A:141]དང་སྨོན་ལམ་གྱིས་རྒྱས་ཐོབས་པར་བྱས་ནས་ཕ་ཡུལ་དུ་ལོག། རྣམ་རྒྱལ་དུ་ལམ་མི་འཆག་ལ་ཡུམ་གྱི་དྲུང་དུ་ཕྱིན། གཟེབ་ནང་ན་ཡོད་པའི་དངོས་པོ་ཕྲན་བུ་དེ་རྣམས་ཕྱག་ཏུ་ཐེངས་པ་བྱས། སྔར་ཡུམ་རིན་མོ་ཆེ་དེ་ཉིད་བཞེས་སྤྲོའི་རྣམ་པ་གང་ཡང་ལྗགས་སྟེངས་སུ་མི་རིག་པ་ཡིན་ཡང། དེར་ངེད་ལ་རྟེན་འབྲེལ་གྱི་གནད་སྒྲིག་པ་ལ་དགོངས་པ་འདྲ། རྣམ་གྲངས་དུ་མའི་བཞེས་སྤྲོ་དེ་རྣམས་ནས་སྣེ་ཚང་རེ་མཆོད་པ་གནང་གི་འདུག་པ་ལ། འབྲས་བུ་རམ་སྦྲང་རྩི་སོགས་ལས་གྲུབ་པ་སྐུ་སྲིན་ལ་ཕོག་པ་ཡོང་མ་མཆོད་པ་དྲག་ཞུས་པས། བུ་ཆོས་རྗེ་རང་ཡང་ཚོགས་འཁོར་གྱི་སྐབས་ཞལ་དུ་ཅི་གསོལ་ཀྱང་མི་གནོད་འདུག་པ། དེ་དང་ཁྱད་ཅི་ཡོད་གསུངས་བྱུང་བས། བཟའ་བ་རང་བཞིན་གྱིས་བྱིན་གྱིས་རློབ་ནུས་པའི་མཁའ་འགྲོ་མར་གོ༎ བསྟབ་པ་ཐམས་ཅད་ག་ཎ་ཙ་ཀྲའི་པཱུ་ཛར་འདུག་སྙམ་པའི་ངེས་ཤེས་སྐྱེས། དེ་ལོ་ཇ་ཤིན་ཏུ་དཀོན་པར་འདུག་པས། བསམ་པ་ལ་ཇ་བཟང་བ་དཔུས་ཚོལ་བྱས། དགུན་པོ་འདི་ཡུམ་གྱི་ཞལ་དུ་ཐོང་ངེས་བྱུང་ན་ཚོགས་ཆེ་བར་འདུག་སྟེ་སྙམ། ང་ད་ལོ་དུས་ཆོས་ཀྱི་ལམ་འབྲས་ཨ་མ་དང་ཐག་ཉེ་བར་འདུག་པས། བྱམས་གླིང་དུ་མཆོད། ཉི་ཤར་ལ་གསོལ་ཇ་རེ་ཞུར་གཏོང་བ་ཆབ་ནུ་གནང་བའི་བཀའ་དྲིན་སོབ་ལ་དགོངས་ནས་ཅིས་ཀྱང་མཆོད་དགོས་ཅིང། ཇ་ཞོ་གང་ཙམ་འདི་ཡང་སྐབས་དང་བསྟུན་ནས་བཞེས་པ་ཞུ་བྱས་ནས་བྱམས་གླིང་དུ་ཕྱིན། དེ་ཉིན་རང་ལམ་འབྲས་བཙུགས། ཚོགས་ཆེ་ཞིང་བཤད་པ་མཐའ་ཆོད་ཞིབ་པ་རང་བྱུང་ནའང། དཔྱིད་སོས་མ་དང་འབྲལ་བའི་ཟུག་རྔུའི་ཚེར་མ་རྣོན་པོས་སྙིང་ཕུག། ཉིན་མཚན་ཁོར་མོར་ཨ་མའི་ཞལ་རས་སེམས་ལ་ཝལ་ལེ་བ་དང། ད་མྱུར་དུ་མི་རྟག་ཡིད་འབྱུང་གི་རང་