[A:142]མཚན་དེ་མཐོང་ཡོང་སྙམ་པ་ཤ་སྟག་སྐམ་སྐམ་པ་བྱུང། ཟུར་ཆོས་སོགས་དང་དཔེ་བལྟའི་སྤྲོས་པ་ཡང་བཅད། ཐུགས་དམ་ཡང་འདི་ཡིན་རང་མེད་པའི་རྒྱ་ཡན་བྱས་སུ་མི་ཚོར་བའི་ཆོད་ཆོད་ཁོ་ནའི་ངང་ནས་ས་སྐྱ་ར་མ་ཆག་ཙམ་རེ་བྱས། དེར་ལམ་འབྲས་གྲོལ། བྱ་ལོ་ཟླ་བ་དང་པོའི་དགུ་མཆོད་ཆེན་མོ་ལ་ཆོས་གྲོལ་སྟོན་དང་ལྷན་དུ་ཚོགས་པ་རྣམས་ལ་མར་ཁུ་བྲེ་འགྱེད་ཀྱིས་མཚོན་པའི་བསྙེན་བཀུར་ཟབ་རྒྱས་རང་གི་མར་མེ་བརྒྱ་རྩའི་མཆོད་པ་བཤམས། བདེ་མཆོག་བླ་མཆོད་ཡིད་འཇུར་བར་བགྱིས་ཏེ། སྔར་གྱི་རྨི་ལམ་གྱི་མཚན་མ་དེ་དག་ལ་དཔྱད་པས་དེ་ལས་མི་འདའ་བར་མཐོང་ནས། དེ་ནུབ་མའི་དྲུང་དུ་ཕྱིན་ཏེ་བསྡད། དེ་སྐབས་ཡུམ་སྐུ་ཁམས་ཤིན་ཏུ་དངས་ཤིང་སྐུ་ཉམས་ཆེ་བ། གཟི་མདངས་རྒྱས་པ་ཅིག་འདུག། མཇལ་ལ་ཁད་ལ་དགུན་པོ་དེ་ཤིན་ཏུ་ཁམས་བཟང་ཞིང། བུ་ཆོས་རྗེའི་ཆོས་གཎ་རྒྱུན་མི་འཆད་ཐོས་པས་ཡིད་བདེ་བར་བྱུང། ཅེས་ཤིན་ཏུ་དགེས་པའི་རྣམ་པ་སྟོན་གྱི་འདུག། དེའི་སྲོད་ལ་ཇ་ཉིས་སྦྲེལ་ཙམ་གྱི་རིན་འཕྲོས་གཏམ་ལ། ངེད་རང་བྱིས་པའི་དུས་ཡུམ་རང་གིས་བསྐྱངས་པའི་སྐབས་སྨྲས་པའི་གླེང་བརྗོད་རྣམས་དང། རེས་འགའ་ཡུམ་གྱིས་ཐལ་ཅག་རེ་ཙམ་གནང་བ་ལ་ཤིན་བརྫུན་ཡུན་རིང་པོ་བྱས་ལུགས། ནུ་མ་སློང་བ་ལ་ངོ་འཚོ་མཁས་པོ་ཡོད་ལུགས་ཀྱི་གནས་ཚུལ་རྣམས་ལྷུག་པར་གསུངས་པས་དེར་འཚོགས་ཐམས་ཅད་བཞད་མོ་དིར་དིར་བྱུང་བའི་རིང། སེམས་ལ་ད་ཚེ་འདིར་མ་དང་ཕྲད། གླེང་སླང་སྨྲ་བ་དོ་ནུབ་ཁོ་ན་ཡིན་སྙམ་བློ་འདར་ཕྲུག་གེ་བའི་ངང་ནས། བདག་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་འགྲོ་བ་གང་གི་ལུས་སུ་སྐྱེ་བ་ལེན་ན་ཡང་ཡུམ་འདི་མ་དང། ང་བུ་ཁོ་ནར་གྱུར་ཅིག་སྙམ་པའི་སྨོན་