R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 152
[A:152]ཐོ་རངས་དགེ་འདུན་ཚོགས་པའི་སྟེང་ནས་ཉི་ཤུ་ཉི་ཤུ་ལ་གསོལ་ཇ་གྲངས། མི་ཚིག་མི་འདྲེའི་ངག་བཅད་ཁོ་ནའི་ཤེར་སྙིང་སྔ་དགོང་གཉིས་ཀ་ལྔ་བཅུ་ང་འདྲེན་རེ་ཆག་མེད་དང། ཚོགས་པ་བྱིན་གྱིས་མདོ་སུམ་ཅུ་སོ་འདྲེན་ཐུགས་ཀྱིས་ལོངས་པ་ཁོ་ན་གནད་ནས། བླ་མ་དང་དཀོན་མཆོག་གི་ཐུགས་རྗེས་དེར་འདུས་ཐམས་ཅད་ལ་སོ་ན་བ་ཅིག་ཀྱང་མེད་པར་ཆོས་མཐར་ཕྱིན་པའི་ཆོས་ཀྱི་དགའ་སྟོན་ལ་མང་ཇ་བསྙེན་བཀུར་བཟང་བའི་སྟེང་དེར་བཞུགས་ཀུན་ལ་སྤྱི་འགྲོར་ཟངས་སྣོད་ཆུང་མཐའ་ལ་ཡང་ཉག་བཅུ་ལས་གཏན་མི་ཆུང་བའི། ཁ་གྲངས་བརྒྱ་དགུ་བཅུ་གོ་ལྔ། འབྲས། ནས། ཚྭ། ཆུ་ཕྱེ། གོས་སྣམ་སོགས་དང། དབུ་ལེགས་པའི་དགོན་བཞུགས་ལ་དབྱར་གནས་ཀྱི་དགེ་རྒྱུན་ལ་དམིགས། གསེར་ཞོ་བཅུ་བདུན། ཚོགས་ཟངས་ཆེ་ངེས་པ་བཞི། གློ་བོ་ནང་དུ་མཁན་རིན་པོ་ཆེའི་གདུང་རྟེན་དྲུང་གསེར་ཞོ་བཅུ་གཉིས། བྱམས་གླིང་དུ་དབྱར་གནས་ཀྱི་རྒྱུར་གསེར་སྲང་གང། ཕུ་ཕག་ཏུ་བླ་མ་རིན་པོ་ཆེའི་མཆོད་པའི་རྟེན་གསེར་ཞོ་བཅུ་གསུམ་རྣམས་ཕུལ་བ་བསྔོ་བས་རྒྱས་ཐེབས་པར་བྱས་ནས། ཉིན་གཅིག་ངལ་གསོ་བསྟེན་ཏེ་ཟླ་བ་བཅུ་གཉིས་པའི་ཉེར་གཉིས་ལ་ལོ་ཆེན་དྲུང་དུ་མ་ཎི་དུང་ཕྱུར་ཚུད་པའི་བསྔོ་བ་ཞུ་བ་དང། དུས་འཁོར་དབང་བརྒྱུད་སྔར་གསོལ་བ་བཏབ་པ་ཉིད་ལ་རྐང་གཏད། གསེར་ཞོ་སུམ་ཅུ་སོ་བདུན་གྱི་མཎྜལ་འབུལ་རྒྱུ་ཁྱེར་ནས་འགྲོ་བར་ཆས་པའི་སྐབས། དྲག་ཞན་ཀུན་གྱི་ད་ལོ་དགུན་སོ་གསུང་ཆོས་བབས་ཅན་ཉིན་མཚན་མེད་གནང། གསོལ་བ་གཏན་མ་སོང་བས་སྐུ་གཟུགས་ཤིན་ཏུ་ངན་པར་འདུག་པ། ད་ནམ་ཟླའི་སྟབས་རི་ཀླུང་ཐམས་ཅད་གངས་ཀྱིས་ཆོད་པ་འདི་འདྲ་ལ་ཕེབས་ན་སྐུ་ཚེའི་བར་