[A:153]ཆད་དུ་འགྱུར་ངེས་པས། ལོ་ཆེན་པ་ལ་གསེར་འབུལ་དུ་རྟ་པ་གཉིས་སྦྲེལ་དོས་ཆོད་བརྫངས་ཏེ། རེ་ཞིག་སྐུ་ངལ་བསྟེན། སྐུ་མཚམས་དམ་པ་རང་གནང་དགོས་ཟེར། ཐ་དད་ནས་གྲོས་ཐོན་བྱེད་མི་ཤ་སྟག་བྱུང་བ་ལ་གཏན་མ་ཉན་པར། ཤི་ན་ཡང་དེ་ཀས་བསམ་པ་རྫོགས། ངའི་ཨ་མ་དྲིན་ཅན་དེ་ལ་བཞུགས་དུས་སྒྱུ་ལུས་ཀྱི་ཞབས་ཏོག་ཉི་མ་གཅིག་ཀྱང་མ་འགྲུབ། དབྱིངས་སུ་གཤེགས་མན་དགེ་བ་འདྲ་བྱེད་བློས་བྱས་ཀྱང་རྒྱུ་སོང་གི་སེམས་ཚིམ་པ་མ་བྱུང་པ་ལ། ད་རེས་ཟང་ཟིང་གི་དངོས་པོ་ཅུང་ཟད་དགྲ་གཉེན་ཡོངས་ཀྱི་དཔང་ཐུབ་པ་ཕྱོགས་འདིར་སྦྱིན་གཏོང་གཟིགས་གསལ་ལ་ཕེབས་པ་འདི་ཡིན་ཅིང། གསེར་གྱི་མཎྜལ་ཨེན་ཙམ་འདི། ད་ལྟ་ཞལ་བཞུགས་ཀྱི་བླ་མ་རྣམས་ནས་ལོ་ཆེན་ལ་ངེད་རང་གིས་ཡིད་བརྟས་པར་ཡོད་པས་ཁོང་གི་ཕྱག་ཏུ་ཐེངས་ནས་མ་དེའི་དོན་དུ་བསྔོ་བས་རྒྱས་ཐེབས་ན་སྙམ་པ་ལས། འདོད་པ་ལོག་པ་མེད། དུས་འཁོར་སོགས་འདོད་ཆོས་ཀུན་ཐོབ་ཀྱང་སླ། མ་ཐོབ་ཀྱང་མ་ལ་ཕན་པའི་བྱ་བ་ཅིག་བྱུང་ན་སྙིང་དེས་ནོན་བྱས་མགོ་བསྒྲིལ་བས། ཁོང་རྣམས་ཀྱང་བདེན་པའི་ཚིག་དེས་ཁྲོལ། དོན་ལོ་འདི་ནང་དུ་ཅིས་ཀྱང་ཕེབས་ཐུབ་པ། ལོ་ཆེན་དྲུང་མན་ལ་མི་ཕེབས་པའི་ཞལ་བཞེས་གནང་དགོས་ཅེས་མགྲིན་གཅིག་ཏུ་ལབ་ཏུ་བྱུང་བ་ལ། སྤྱིར་ཕ་ཡུལ་གྱི་ཕྱོགས་འདིར་སྡོད་ས་དང་འཆི་ས་བྱེད་སྙམ་པ་མེད་ཅིང། ང་རང་ལ་ས་ཕྱོགས་འདི་ལྟ་བུར་འགྲོ་དོན་འདི་འདྲ་ཡོང། མི་ཚེ་འབྱེད་ལུགས་འདི་ལྟར་བགྱི་གསུང་བའི། དྲུང་པ་ཆོས་རྗེས་ལུང་བསྟན་དངོས་དང་རྨི་ལམ་དུ་འཁྲུལ་མེད་བྱུང་བའི་ཡིད་བརྟན་ཡོད། འོན་ཀྱང་ཁ་ནིང་ལབས་པ་བཞིན་བྲག་སྟེང་སྒྲུབ་ཕུག་ཏུ་ཤར་བའི་རྨི་ལམ། གློ་བོའི་ཕྱོགས་མཚམས་བརྒྱད་ན་