[A:156]དུ་བགྱིས། བླ་མ་རྣམ་པ་ལ་ཀ་ར། སྨན། རས་སྔོན་ཡུག་གི་འབུལ་བ་སོགས་ཐུགས་མགུ་བ་ཡང་དག་པ་སྐྱེས་ཏེ། དེ་ནུབ་ས་མིག་ཏུ་ཉལ། སླར་ཡང་ཤིན་ཏུ་མྱུར་བའི་རྩོལ་བས་ལམ་སྤྱད་ནས། རྟ་ཟླའི་ཚེས་བཅོ་ལྔའི་ནུབ་དཔལ་ལྡན་སྨན་སྡིངས་སུ་ཅོག་པོ་ཕུབ་ནས་ཉལ་ལོ༎
དེ་ནས་ཕ་དྲུང་བསྙེགས་འདོད་བུ༎
དོན་མཐུན་བཞིན་དུ་ཆས་པ་ལས༎
ངམ་རིང་ཞེས་གྲགས་བྱང་ཕྱོགས་བརྒྱུད༎
ཀ་ལ་ཙཀྲའི་ཕོ་བྲང་འཁོར༎
ལྷ་ཡི་ལུང་བསྟན་དུས་དགེ་བར༎
མ་འོངས་སྣང་བ་དུ་མའི་སྒོ༎
མངོན་སུམ་ད་ལྟའི་ཡིད་ཤེས་ལ༎
མེ་ལོང་གཟུགས་བརྙན་མིག་འཁྱུད་བཞིན༎
མ་འདྲེས་འཆར་སྒོ་དབག་མེད་མཐོང༎
འདི་ཉིད་ལེགས་ཚོགས་བརྒྱ་ཕྲག་གིས༎
བསྐྱེད་བྱེད་ཞིང་ས་གཤིན་པོ་ཞེས༎
འཁྲུལ་མེད་ཡིད་ཆེས་སྙིང་ནས་ཁུམས༎
ཁྱད་པར་ལྷ་སྲས་སྦྱིན་ལ་དགའ༎
སྐྱེ་བ་དུ་མའི་མཛའ་བཤེས་ཉིད༎
དུས་འདིར་ཙིཏྟ་ཨེ་ཀ་ཅེས༎
དབུགས་འབྱོན་ངེས་པར་དྲུག་པའོ༎
དེའི་ནང་པར་སྨན་སྡིངས་སུ་སླེབ་པར་འདུག་ཀྱང། འབུལ་བ་དེ་བཅུ་བདུན་བླ་མའི་དུས་ཆེན་རང་ལ་བྱུང་ན་སྙམ་པའི་བསམ་པས་གཅེས་སུ་ཉལ། གནས་ཚང་བ་རྣམས་ལ་ཁྱེད་ཀྱི་ཕྱོགས་འདི་ནི་ལོ་ཆེན་པ་ཟེར་བའི་བླ་མ་གཅིག་ཡོད་ཚོད་འདུག་པ། དེ་གང་ནང་བཞུགས། བླ་མ་བཟང་མི་འདྲ་ཇི་འདྲ་ཡིན། ངེད་རྣམ་པས་ཆོས་ཞུར་ཕྱིན་ན་གནང་ངམ་དྲིས་པས། བླ་མ་བཟང་པོ་ཡིན་ཟེར་གྱི་ནི་འདུག། ཐུགས་ནི་ཤིན་ཏུ་རྩུབ་པ་ཅིག་ཡོད། ཁོང་ལས་ཀྱང་རྩུབ་པའི་སློབ་མ་མངའ་རིས་ཀྱི་སྐུ་དྲག་པ་ཡིན་ཟེར་བ་ཅིག་ན་ནིང་བྱོན་འདུག་ཟེར། དེ་སྐབས་གསུང་ཆོས་མང་པོ་གནང་ཟེར་བ་ཐོས། གཞན་བུག་སྒོ་བསྡམས་སྒྲུབ་པ་རང་ལ་རྩེ་གཅིག་ཏུ་