R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 157
[A:157]བཞུགས་ཅེས་སླེང་སླངས་བྱུང་བས། མངའ་རིས་ན་ཡོད་ཟེར་བའི་རྩུབ་པོ་དེ་ང་ཀ་ཡིན། འདི་རྣམས་ཅིར་འདུག་བྱས། གསེར་རྣམས་བསྟན་ནས་དད་པ་ལ་བཀོད་དེ། སང་སྔ་བར་ལངས་གཙང་ཁ་ནས་གཡམ་ལེབ་མཐོ་སྐོར་གཅིག་མཎྜལ་དུ་ཁྱེར་ནས་སྨན་སྡིངས་རི་བོ་རྒྱས་པའི་མགུལ་བར་འཛེགས་ཏེ། བྱིན་རླབས་ཟིལ་ཆེན་རྒྱས་པའི་ལོ་ཆེན་དང་མཇལ་འཕྲལ། རྡོའི་མཎྜལ་གྱི་སྟེང་དུ་གསེར་ཞོ་སུམ་ཅུ་སོ་བདུན་བཀོད། གང་གི་མཆོད་རྫས་མའི་གྱེར་དང་བཅས་ཕྱག་ཏུ་དེངས་པར་བགྱིས་མཚམས། སྔར་ཡང་ཡང་དུ་གསོལ་བ་བཏབ་ཅིང་ཡིད་ལ་བཅགས་པའི་དུས་ཀྱི་འཁོར་ལོའི་དབང་རྒྱུད་འགྲེལ་མན་ངག་དང་བཅས་པའི་བཀའ་དྲིན་ཡང་སྐབས་དེར་ཉེ་བར་ཐོབ་ཏེ། དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོའི་ཞལ་ལེགས་པར་ཕྱེ་ནས། བྱང་སྒོར་ཕུང་པོ་ཁམས་ཀྱི་དྲི་མ་རགས་པ་སྦྱངས་ནས་སྐུ་རྡོ་རྗེའི་སླད་དུ་ཆུ་དང་ཅོད་པན་གྱི་དབང། ལྷོ་སྒོར་ངག་གི་དྲི་མ་རགས་པ་སྦྱངས་ཏེ། གསུང་རྡོ་རྗེའི་སླད་དུ་དར་དཔྱངས་དང་རྡོ་རྗེ་དྲིལ་བུའི་དབང། ཤར་སྒོ་ཡིད་ཀྱི་དྲི་མ་རགས་པ་སྦྱངས་ཏེ་ཐུགས་རྡོ་རྗེའི་སླད་དུ་བརྟུལ་ཞུགས་དང་མིང་གི་དབང། ནུབ་སྒོར་འཕོ་བའི་དྲི་མ་རགས་པ་སྦྱངས་ནས་ཡེ་ཤེས་རྡོ་རྗེའི་སླད་དུ་རྗེས་གནང་གི་དབང་འདོགས་དང་བཅས་པ་སྟེ་བྱིས་པ་འཇུག་པའི་དབང་བདུན་སྩལ། འོག་མིན་གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དང། སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་སླད་དུ་བདག་གིས་ལུང་བསྟན་ཞིང། རྗེས་སུ་གནང་ངོ་ཞེས་དུས་བསྒོ་ལ་མཐར་ཐུག་གི་བར་དུ་ལེགས་པར་ཞུས་ནས།