R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 158
[A:158]སླར་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང། ཀུན་རྫོག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་འཇིག་རྟེན་པའི་བཞི་པ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཇིག་རྟེན་ལས་འདས་པའི་དབང་བཞི་པ་སྟེ་དབང་བཅུ་གཉིས་ཡོངས་སུ་རྫོགས་པ་དང། གཞན་དོན་ལ་ལྷག་པར་མངའ་བསྒྱུར་བ་བདག་པོ་ཆེན་པོའི་དབང། ངེས་པའི་བསྟན་སོ་སོ་ལ་བཀོད་ནས་གོང་མ་བཞི། ཚངས་སྐུད་སོགས་སྐུ་གསུང་ཐུགས་ཀྱི་བརྡ་གསུམ་བྱིན་པ་ཉིད་ཀྱིས་རྒྱུད་སྟོན་པ་པོ་སོགས་སུ་བྱེད་པའི་ཚུལ་རྒྱུད་འགྲེལ་ལས་ཇི་ལྟར་འབྱུང་བའི་ཆོ་ག་དཀྱིལ་འཁོར་གཞན་གྱིས་ཁ་བསྐངས་ལ་ཅུང་ཟད་ཀྱང་མ་ལྟོས་པར། བདག་སློབ་མའི་ངེས་པ་དགེ་སློང་གི་རྟེན་གྱིས་དབང་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ། ཁྱད་པར་དེ་དག་དང་ལྡན་པའི་དབང་བསྐུར་བ། གང་དུ་ཤཱཀྱ་སེང་གེ་མཆོག་གི་སློབ་མ་ཟླ་བ་བཟང་པོ་ལ་སོགས་པ་ཡོངས་སུ་སྨིན་པར་མཛད་པའི་བགྱི་བ་ཇི་ལྟ་ཡིད་ཆེས་པ་གསུམ་དང་ལྡན་པའི་གདོད་མའི་རྡོ་རྗེ་འཆང་ཆེན་པོའི་གནས་ལ་བཀོད་ཅིང། ནམ་མཁའི་རྡོ་རྗེ་ཞེས་བརྡར་བཞག་པ་ལས་རྗེས་སུ་རིག་པའི་མཆོག་གི་རྡོ་རྗེ་བཞིའི་རང་བཞིན་མགོན་པོ་ཉིད་ཀྱིས་མ་འདྲེས་པའི་ཡེ་ཤེས་ཆེན་པོའི་ངོ་བོར་ཆུབ་བཞིན་པ་ཉིད་དུ་ལེགས་པར་ཁོང་དུ་ཚུད་ནས། ཅི་བྱིས་པའི་སློབ་དཔོན་དག་གིས་བཅོས་མའི་དཀྱིལ་འཁོར་འབའ་ཞིག་ཏུ་བརྗོད་པའི་ཚིག་ཙམ་གྱིས་སྒྲའི་དབང་བསྐུར་བ་དང། ཁྱད་པར་མེད་པ་ཉིད་དུ་ག་ལ་སེམས། དེའི་ཕྱིར་དབང་བསྐུར་འདི་ལྟ་བུ་ཐོབ་པ་ལས་དཀྱིལ་འཁོར་མ་ལུས་པར་དབང་བསྐུར་བའི་ངེས་ཤེས་ཁྱད་པར་བ་སྙིང་ལ་སྐྱེས་པ་ལ་ཡང་ཐེ་ཚོམ་གྱིས་སྦགས་